དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །
མི་འབྲལ་སྤྱི་བོའི་རྒྱན་དུ་བཞུགས། །
དེ་རིང་ང་ལ་སྡོང་གྲོགས་མཛོད། །
གླུ་བླངས་ཚད་ཆོས་ལ་འགྱུར་བར་ཤོག །
དེ་ནས་འགོགས་མོའི་ལྷ་སྲས་ལགས། །
གསོན་དང་ཞུ་རྒྱུ་འགའ་རེ་ཡོད། །
འཇིག་རྟེན་གནའ་མའི་གཏམ་དཔེ་ལ། །
ལྷ་བླ་མའི་ཡོན་ཏན་མ་ཤེས་ན། །
ཕྱག་བཀུར་སྟེ་རྡོ་ལ་སྣུམ་བྱུག་འདྲ། །
གྱི་ལིང་འདི་དང་རྣམ་བཞི་ཡིན། །
འདོ་བའི་རིགས་ཏེ་རིང་ན་བཟང་། །
བེ་ཏོའི་རིགས་ཏེ་དཀར་ན་བཟང་། །
མུ་ཁེངས་རིགས་ཏེ་སྦོམ་ན་བཟང་། །
གྱི་ལིང་རིགས་ཏེ་ཡང་ན་བཟང་། །
འདོ་ཆེན་རྐྱང་རྒོད་འཕེར་བ་འདི། །
གླིང་ཕལ་པའི་རྟ་དང་འདྲ་ལེ་མིན། །
ཕྱི་བལྟས་བྱོལ་སོང་དུད་འགྲོའི་གཟུགས། །
ནང་བལྟས་རྟ་མགྲིན་དམར་པོ་ཡིན། །
ཅི་ཡང་མི་ཤེས་གཅིག་ཀྱང་མེད། །
བཀའ་མདོ་རྒྱུད་སེམས་དང་མ་འདྲེས་ན། །
ཆོས་དཔེ་ཀློག་ནེ་ཙོའི་མ་ཎི་འདྲ། །
མི་རང་གི་སྐྱེ་རྒྱུད་མ་ཤེས་ན། །
ནགས་མཐར་འཁྱམས་པའི་སྤྲེའུ་འདྲ། །
རྒྱུ་དངོས་པོའི་རིན་ཐང་མ་ཤེས་ན། །
མི་རྒྱུས་མེད་ལམ་ལོག་སོང་འདྲ་ཡིན། །
རྟ་འདོ་བའི་མཚན་ཉིད་མ་ཤེས་ན། །
རྟ་ཡོད་ཚད་འདོ་ཆེན་ཟེར་ལེ་མིན། །
རྟ་འདོ་བའི་རིགས་ལ་རྣམ་བཞི་ཡོད། །
འདོ་བ་བེ་ཏོ་མུ་ཁེངས་གསུམ། །
རྣ་རྩེ་བདུད་ཀྱི་སོ་བ་ཡིན། །
རྣ་སྐེད་བདུད་ཀྱི་ཉུལ་མ་འདྲ། །
ཡ་མགལ་ཆོས་ཁང་བརྩིགས་འདྲ་ཡིན། །
མ་མགལ་ཆོས་གདན་བཏིང་འདྲ་རེད། །
ལྕེ་དར་མ་གློག་ཞགས་འཁྱུག་འདྲ་ཡིན། །
ཁ་དུང་སོ་སྤྲིན་དཀར་འཕྱུར་འདྲ་རེད། །
སྣ་ཁུང་ལྷ་ཁང་ཕུབས་འདྲ་ཡིན། །
ཐོད་པ་ཐང་ཆེན་བརྡལ་འདྲ་རེད། །
ཕྲུམ་ཕྲུམ་གནས་བརྟན་བཅུ་དྲུག་ཡིན། །
རྔོག་མ་དར་སྐུད་ཕྲ་མོ་རེད། །
མཆིན་ཤ་གཡའ་ཤལ་གོན་འདྲ་རེད། །
མཁལ་མ་ཀླུ་ཕྲུག་ཉལ་འདྲ་རེད། །
རྒྱུ་མ་བཀྲ་ཤིས་འཁྱིལ་བ་རེད། །
དཔྱི་མིག་ཆོས་ཀྱི་འཁོར་ལོ་རེད། །
དཔྱི་རྩེ་ཆོས་སྒོ་བརྒྱབ་འདྲ་རེད། །
བརླ་ཤ་གླ་བོ་གཤིབས་འདྲ་རེད། །
རྨིག་བཞི་བ་རུ་ཁ་བསྒོར་འདྲ། །
དེ་འདོ་ཆེན་རྐྱང་བོའི་མཚན་རྟགས་རེད། །
ལྷ་རྟ་རྐྱང་རྒོད་འཕེར་བ་འདིའི། །
སྒལ་ཚིགས་རག་ཤའི་ཕྲེང་བ་ཡིན། །
རྒལ་རྣག་ཕྲེང་བའི་ཕྲེང་ཐག་ཡིན། །
ཁོག་སྟོད་སེང་གེ་འགྱིང་འདྲ་རེད། །
ཁོག་སྨད་ཁྱི་རོ་གཤལ་འདྲ་ཡིན། །
སོག་པ་ཐང་ཆེན་བརྡལ་འདྲ་རེད། །
དཔུང་པ་ཕུག་རོན་སྒང་འདྲ་ཡིན། །
ལྕགས་ངར་དཔའ་བོའི་ལག་ངར་རེད། །
གློ་བ་གངས་རི་དཀར་པོ་རེད། །
གློ་ཕྲུག་ལྷ་ཕྲུག་ཉལ་འདྲ་རེད། །
མཆིན་པ་གཡའ་རི་སྨུག་པོ་རེད། །
མཛེས་སྡུག་ཡག་བཞིན་འཇའ་ཚོན་རེད། །
རྒྱུག་འདོད་འགྲོས་ཀ་ལམས་སེ་གདའ། །
རྟ་མགྲིན་དམར་པོའི་སྤྲུལ་པ་རེད། །
རྟ་རྐྱང་དཀར་མ་རེད་རྐྱང་དམར་རེད། །
པདྨ་ར་གའི་སྤུ་མདངས་ལྡན། །
རྟ་ལུས་སྐུ་མདོག་དམར་བ་ལ། །
དབང་ཆེན་གསང་བའི་ལྷ་ཚོགས་གནས། །
རྔ་རྔོག་གནག་ཅིང་འཚུགས་པ་ལ། །
ཚར་གཅོག་དྲག་པོའི་ལྷ་ཚོགས་འཁོར། །
ཚེམ་བཟང་རབ་དཀར་ཟླ་མདངས་ལ། །
ནད་གདོན་ཞི་བའི་ལྷ་ཚོགས་གནས། །
ཕོ་ཞབས་སེར་ལ་སྣུམ་པ་ལ། །
ཚེ་བསོད་རྒྱས་པའི་ལྷ་ཚོགས་གནས། །
རྣ་རྩེ་རྒོད་ཀྱི་ཐིལ་ཕྲན་ལ། །
གསལ་བྱེད་སྒྲོན་མེའི་སོ་བ་འཁོར། །
དཔུང་པ་རླུང་གི་འཁོར་ལོ་ལ། །
ཚེ་ལ་དབང་བའི་དགྲ་ལྷ་འཁོར། །
རྨིག་བཞི་ལྕགས་ཀྱི་འདབ་མ་ལ། །
བདུད་བཞི་འདུལ་བའི་དགྲ་ལྷ་འཁོར། །
རྟ་མགོ་དགུང་ལས་མཐོ་བ་འདི། །
ཁམས་གསུམ་འགྲོས་དབང་བསྒྱུར་བའི་རྟགས། །
རྣ་རྩེ་མཐོ་ལ་མཛེས་པ་དེ། །
དཀོན་མཆོག་དབུ་འཕང་བསྟོད་པའི་བརྡ། །
ལུས་བོང་ཀུན་དང་མཐུན་པ་དེ། །
བྱང་སེམས་རྒྱུད་ལ་འབྱུང་བའི་བརྡ། །
རྔ་རྔོག་ཐུང་ལ་རིང་བ་དེ། །
སྤྲུལ་བ་རྒྱུན་ཆད་མེད་པའི་བརྡ། །
སྤྱན་འབྲས་གསལ་ཞིང་འཚེར་བ་དེ། །
ཆོས་ཉིད་མངོན་སུམ་མཁྱེན་པའི་བརྡ། །
རྣ་རྩེ་གཉིས་ནི་རིང་བ་དེ། །
བདེན་གཉིས་ལམ་དུ་བསྟུན་པའི་བརྡ། །
དབང་པོ་དྲུག་གིས་བརྒྱན་པ་དེ། །
ཕྱིན་དྲུག་སྤྱོད་པ་སྐྱོང་བའི་བརྡ། །
རྨིག་བཞིས་རྩེ་བྲོ་བརྡུངས་བ་དེ། །
བསྡུ་བཞིའི་འགྲོ་དོན་སྐྱོང་བའི་བརྡ། །
སྤོ་ཞབས་སེར་ལ་དཀར་བ་དེ། །
འཁོར་བའི་སྐྱོན་གྱི་མ་གོས་བརྡ། །
རེས་འགའ་མི་སྐད་སྨྲ་བ་དེ། །
སྒྲ་ཚིག་ཐོགས་མེད་སྟོན་པའི་བརྡ། །
རེས་འགའ་མཁའ་ལ་འཕུར་བ་དེ། །
གང་སྣང་སྒྱུ་མར་རོལ་བའི་བརྡ། །
མི་ལ་བརྩེ་ཞིང་འཁོར་བ་དེ། །
བྱམས་བརྩེའི་འགྲོ་ལ་གཟིགས་པའི་བརྡ། །
ཞགས་པས་བཟུང་དུ་ནུས་པ་དེ། །
འཕྲིན་ལས་རྟག་ཏུ་རྒྱས་པའི་རྟགས། །
བུ་སྐྱེས་བུ་ཞོན་ན་འཁུར་བ་དེ། །
འགྲོ་ཀུན་ཐར་ལམ་འདྲེན་པའི་བརྡ། །
གོམ་འགྲོས་མགྱོགས་ཤིང་བདེ་བ་དེ། །
ཐབས་མཁས་འགྲོ་དོན་འགྲུབ་པའི་རྟགས། །
དེ་མིན་དུད་འགྲོ་རྟ་ཕོ་ལ། །
བཤད་པ་འདི་འདྲ་མི་འོས་ལ། །
ལྷ་རྟ་རྐྱང་བུ་ཁ་དཀར་ལ། །
དོན་དང་མཐུན་པའི་བསྟོད་བསྔགས་རེད། །
གླིང་དཀར་ལས་རྟ་སུམ་ཅུའི་ནང་། །
གདོང་བཙན་གཡུ་བྱ་རྟིང་སྔོ་ལ། །
མཁའ་ལྡིང་ཁྱུང་གི་རྩལ་ཡོད་ཟེར། །
ཡོད་ཀྱང་ངོ་མཚར་ཆེ་རྒྱུ་མེད། །
འདན་མའི་དངུལ་ཕྲུག་ལྡེམ་པ་དང་། །
སྟག་རོང་གུ་གུ་རོག་འཛོང་གཉིས། །
གཏམ་ལེན་འཕྲོད་པའི་རྟ་གཉིས་ཟེར། །
ཀུན་གྱིས་ངོ་མཚར་ཆེ་ཟེར་ཡང་། །
དེ་ལ་ངོ་མཚར་ཆེ་རྒྱུ་མེད། །
སེང་སྟག་སྟོང་རི་དར་འཇམ་དང་། །
རྒྱ་ཚའི་རྒྱ་བྱ་སོག་དཀར་དང་། །
སྤྱི་དཔོན་ཤ་རྐྱང་དྲེལ་མགོ་སོགས། །
ཅང་ཤེས་ཡོན་ཏན་ཚང་ན་ཡང་། །
དེ་ལ་ངོ་མཚར་ཆེ་རྒྱུ་མེད། །
དུད་འགྲོ་རང་བཞིན་མ་འདས་འདུག །
ཕྱི་ནི་བྱོལ་སོང་དུད་འགྲོའི་ཚུལ། །
ནང་ནི་སངས་རྒྱས་དགོངས་པ་ཅན། །
ལྷ་རྟ་མགྲིན་དམར་པོའི་སྤྲུལ་པ་རེད། །
མཇལ་ན་ངན་སོང་སྐྱེ་སྒོ་ཆོད། །
ཞོན་ན་ཐར་བའི་གྲོང་དུ་ཁུར། །
དེ་འདྲའི་རྟ་མཆོག་རིན་ཆེན་འདི། །
དེ་རིང་མཇལ་བ་ངོ་མཚར་ཆེ། །
རྟ་འདི་རི་ལ་གནས་པའི་ཚེ། །
འཛིན་མི་ལྷ་ཀླུ་གཉན་གསུམ་རེད། །
འཛིན་ཐག་འཕྲུལ་གྱི་ཞགས་པ་རེད། །
གནམ་ལ་འཕུར་བའི་གཤོག་པ་ཅན། །
ས་ལ་འགྲོ་བའི་རྨིག་པ་ཅན། །
སྒོ་ན་འདུག་པའི་གཡུང་དལ་ཅན། །
འདི་འདྲའི་རྟ་ཞིག་ཡོད་པས་ན། །
འཕུར་ན་བྱ་ལམ་ཆོད་ལུགས་དང་། །
མཁའ་ལྡིང་ཁྱུང་གིས་འགྲན་མེད་རེད། །
རྒྱུག་ན་བང་རྩལ་མགྱོགས་ལུགས་ལ། །
གླིང་རྟས་འགྲན་པ་དཀའ་མོ་རེད། །
མགྱོགས་དར་ལག་པའི་མཐིལ་ན་ཡོད། །
ད་མ་ཞུགས་ཇོ་རུ་གླིང་ལ་བྱོན། །
རྟ་འདོ་བའི་ཁྲོམ་ཐག་གཅད་རྒྱུ་བྱོས། །
བུ་ཇོ་རུས་དཔོན་ས་འཛིན་རྒྱུ་གྱིས། །