2023ལོའི་ཀྲུང་གོའི་རླབས་གྲུ་མཉམ་འབྲེལ་འགྲན་ཚོགས་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ས་ཚིགས་སུ་མཇུག་སྒྲིལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-20


འདི་ནི་ཟླ་4ཚེས་16ཉིན་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་རླབས་གྲུ་རུ་ཁག(མདུན)གིས་རླབས་རྒྱུན་དྲག་པོའི་རླབས་གྲུ་འགྲན་བསྡུར་བྱེད་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་2023ལོའི་ཨ་དབྱི་ཧྲེ·ཀྲུང་གོའི་རླབས་གྲུ་མཉམ་འབྲེལ་འགྲན་ཚོགས་བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་ས་ཚིགས་སུ་མཇུག་འགྲིལ་ཞིང་། ཁྲུང་ཆིང་ཕེང་ཧྲུའེ་རླབས་གྲུ་རུ་ཁག་ལ་སྤྱི་ལེ་7གྱི་རླབས་རྒྱུན་དྲག་པོའི་རླབས་གྲུ་འགྲན་བསྡུར་དང་སྤྱི་ལེ་2.1གི་རླབས་རྒྱུན་དྲག་པོའི་སྐོར་སྐྱོད་འགྲན་བསྡུར་རྣམ་གྲངས་གཉིས་ཀྱི་ཨང་དང་པོ་ཐོབ་པ་རེད།

        དུས་ཡུན་ཉིན་གཉིས་ཀྱི་རླབས་གྲུ་མཉམ་འབྲེལ་འགྲན་ཚོགས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་གཉེར་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་ནི་རྒྱལ་ཁབ་རིམ་པའི་རླབས་གྲུ་འགྲན་བསྡུར་ཁྲོད་ས་བབ་མཐོ་ཤོས་ཀྱི་ས་ཚིགས་ཤིག་ཡིན་ལ། 2023ལོའི་ཀྲུང་གོའི་རླབས་གྲུ་མཉམ་འབྲེལ་འགྲན་ཚོགས་ཀྱི་རྒྱལ་ཡོངས་ས་ཚིགས་དང་པོའང་རེད། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་རུ་ཁག་25ཡིས་སྙུགས་ཤེད་དང་ལག་རྩལ་ལ་བརྟེན་དགོས་པ་མ་ཟད། ད་དུང་ས་མཐོར་མི་འཕྲོད་པའང་ཁྱད་བསད་བྱེད་དགོས་ཀྱི་ཡོད་པ་རེད།

        འགྲན་བསྡུར་ལ་ཞུགས་མཁན་རུ་ཁག་ཁག་གིས་ས་ཚིགས་རེའི་འགྲན་བསྡུར་གྱི་གྲུབ་འབྲས་ལ་གཞིགས་ནས། 2023ལོའི་ཀྲུང་གོའི་རླབས་གྲུ་མཉམ་འབྲེལ་འགྲན་ཚོགས་ཀྱི་དེ་མཚུངས་སྐར་གསོག་ཐོབ་པ་དང་ལོ་འཁོར་གྱི་སྤྱིའི་སྐར་གསོག་མཐོ་ཤོས་ཀྱི་རུ་ཁག་དེ་ཀྲུང་གོའི་རླབས་གྲུ་རྒྱལ་ཁབ་གཅིག་སྡུད་སྦྱོང་བརྡར་རུ་ཁག་ལ་ཚུད་ནས་ཀྲུང་གོའི་ཚབ་བྱས་ཏེ་2024ལོའི་རླབས་གྲུའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་ལ་ཞུགས་པའི་ཐོབ་ཐང་རག་གི་ཡོད་པ་རེད། ཁྲུང་ཆིང་ཕེང་ཧྲུའེ་རླབས་གྲུ་རུ་ཁག་གི་རུ་མི་ཧོང་ཨེན་གྱིས“ང་ཚོས་ད་དུང་མུ་མཐུད་སྦྱོང་བརྡར་ཡག་པོ་བྱས་ནས་སང་ལོ་རྒྱལ་ཁབ་ཀྱི་ཚབ་ཞུས་ཏེ་འཛམ་གླིང་གི་ལེགས་སྐྱེས་འགྲན་བསྡུར་ལ་ཞུགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།

        ད་ཐེངས་ཀྱི་འགྲན་བསྡུར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཆུ་ཐོག་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོ་ཆུ་ཤུད་ཆུར་འཛུལ་སྦག་སྦག་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།

འདི་ནི་ཟླ་4ཚེས་16ཉིན་ཨང་དང་པོ་ཐོབ་པའི“ཁྲུང་ཆིང་ཕེང་ཧྲུའེ་རླབས་གྲུ་རུ་ཁག”གི་བདམས་ཐོན་པ(དཀྱིལ)དང་། ཨང་གཉིས་པ་ཐོབ་པའི“ཧོ་ཡོན་ཆུ་ཐོག་ལུས་རྩལ་མཐུན་ཚོགས་ཀྱི་རླབས་གྲུ་རུ་ཁག”གི་བདམས་ཐོན་པ(གཡོན) ཨང་གསུམ་པ་ཐོབ་པའི“བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་རླབས་གྲུ་རུ་ཁག”གི་བདམས་ཐོན་པ་བཅས་ཀྱིས་རླབས་རྒྱུན་དྲག་པོའི་རླབས་གྲུ་སྐོར་སྐྱོད་འགྲན་བསྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོར་བྱ་དགའ་ལེན་བཞིན་པ།

འདི་ནི་ཟླ་4ཚེས་16ཉིན“ཁྲུང་ཆིང་ཕེང་ཧྲུའེ་རུ་ཁག”གི་བདམས་ཐོན་པས་རླབས་རྒྱུན་དྲག་པོའི་རླབས་གྲུ་སྐོར་སྐྱོད་འགྲན་བསྡུར་ལ་ཞུགས་ཤིང་། མཐར་ཁོང་ཚོར་ཨང་དང་པོ་ཐོབ་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1