དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་ཐོན་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དང་ཁོ་ཚོའི་ཁྱིམ་བདག་གིས་སྨན་དོན་པ་དང་མཉམ་དུ་དྲན་རྟེན་མཉམ་པར་བསྐྱོན་བཞིན་པ།
ཟླ4པའི་ཚེས17ཉིན། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་་བྱུང་བར་གཞིགས་ན། ཉེ་ཆར། ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དུ་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ9དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་ཐོན་ཡོད། སྨན་ཁང་གི་སྒོ་བསྟེན་ཚོམས་ཆེན་དུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་ཐོན་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པས་སྨན་དོན་པར་ཁ་བཏགས་ཕུལ་ནས་བཀའ་དྲིན་ཞུས་པ་རེད།
བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པ་དང་མི་རིགས་ཀྱི་རེ་བ་རེད། སྨར་ཁམས་རྫོང་གིས་བྱིས་པའི་སྐོར་གྱི་ལས་དོན་དེ་མི་རིགས་བསྐྱར་དར་དང་། ཁྱིམ་ཚང་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་རྨང་གཞིའི་ལས་གྲྭ་དང་། ཕུགས་རེའི་འདུ་འགོད་བཅས་ལ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། ལྷག་པར་དུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་སྐྱོབ་པའི་ལས་དོན་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་སྐུལ་འདེད་བཏང་ཡོད།
2021ལོར་སྨར་ཁམས་རྫོང་གིས་སྡེ་ཚན་ཁག་དང་འབྲེལ་མཐུད་མཐུན་སྦྱོར་བྱས་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་བཅོས་བྱེད་པའི་གོ་སྐབས་བརྩོན་ལེན་གྱིས། ཡུན་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་སྨན་བཅོས་ཆེད་མཁས་པའི་ཚོགས་ཆུང་གསུམ་པའི་རུ་ཁག་སྨར་ཁམས་རྫོང་དུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གྲལ་བཤེར་བྱེད་པར་གདན་དྲངས་ནས་སྨན་བཅོས་ཀྱི་ཆ་རྐྱེན་དང་མཐུན་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ21གདམས་ཡོད།
ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གིས་སྨན་བཅོས་ཀྱི་ཆ་རྐྱེན་དང་མཐུན་པའི་བྱིས་པ21ལ་ཁག་བགོས་ནས་སྨན་བཅོས་བྱས་པ་རེད། 2021ལོའི་ཟླ11པར་ཁག་དང་པོའི་བྱིས་པ12ལ་སྨན་བཅོས་ལེགས་གྲུབ་བྱུང་བ་དང་། 2023ལོའི་ཟླ3པའི་ཚེས18ཉིན་སྨར་ཁམས་རྫོང་གིས་ཁག་གཉིས་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དང་ནང་མི9ཆེད་མངགས་བཀོད་སྒྲིག་བྱས་ནས་ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དུ་སྨན་བཅོས་བྱེད་པར་བཏང་བ་རེད། ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་གི་སྨན་པའི་རོགས་རམ་དང་བཀག་འདོམས་ཀྱི་སྨན་བཅོས་བྱ་ཐབས་སྤྱད་པ་དང་གཟའ་འཁོར་་བཞིའི་རིང་གཤག་བཅོས་རྗེས་ཀྱི་དྲག་སྐྱེད་བརྒྱུད་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དགུ་པོ་ཚང་མ་དྲག་སྐྱེད་བྱུང་བའི་ཚད་གཞིར་སླེབས་ནས་སྨན་ཁང་ནས་བདེ་བླག་ངང་ཕྱིར་ཐོན་པ་དང་བདེ་ཐང་སླར་གསོ་བྱུང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྨན་བཅོས་བྱེད་སྒོ་དེ་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་སྣེ་འཁྲིད་དེ་སྒྲིག་འཛུགས་བྱས་པ་དང་དེར་ཀོང་ཏུང་ཞིང་ཆེན་ཀྲུང་ལུགས་སྨན་ཁང་དང་། ཀྲུང་གོ་ལོ་ཆུང་ཐེབས་རྩ་ལྷན་ཚོགས། ཧྲེན་ཀྲེན་ཐེབས་རྩ་ལྷན་ཚོགས་བཅས་ཞུགས་ཡོད། སྨན་བཅོས་འགྲོ་གྲོན་དང་ཕར་འགྲོ་ཚུར་འོང་གི་གནམ་གྲུའི་སྤ་སེའི་འགྲོ་གྲོན་ཚང་མ་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་དང་ཐེབས་རྩ་ལྷན་ཚོགས་ཀྱིས་བཏང་བ་དང་སྨན་བཅོས་བྱེད་རིང་བྱིས་པ་ནད་པ་རེར་འཚོ་བའི་ཁ་གསབ་སྒོར500སྤྲད་པ་རེད། སྨར་ཁམས་རྫོང་དམངས་སྲིད་ཅུས་ཀྱི་འགན་ཁུར་བློ་མཐུན་གྱིས། བྱིས་པར་གཅེས་སྐྱོང་གི་ཞབས་ཞུའི་རྣམ་གྲངས་ལ་དམ་འཛིན་མཐའ་འཁྱོངས་བྱས་ནས། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་། དྭ་ཕྲུག བྱིས་པ་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་གྱི་ཚོགས་སྤྱིར་དམིགས་ཏེ། བྱིས་པར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། དམངས་འཚོར་ཕན་འདོགས་པ་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་ལས་དོན་ཏན་ཏིག་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་མཐོ་རུ་གཏང་རྒྱུ་རེད།