ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་ཁྲེང་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 04-23



        ཟླ་4ཚེས་21ཉིན། སྤྱི་ལོ2023ལོའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་ལྔ་པ་ཁྲེང་ཏུའུ་བོད་ལྗོངས་གསོལ་མགྲོན་ཁང་དུ་འགོ་ཚུགས་ཤིང་། དེ་ཉིན་ནི་ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ནས་ལོ་340འཁོར་བ་དང་ཏག་ཏག་འཁེལ་ཡོད།

        ད་ཐེངས་ཀྱི་རིག་གནས་དུས་ཆེན་དེ་སྒྱུ་རྩལ་འགྲེམས་སྟོན་དང་སྙན་ངག་གྱེར་ཚོགས་སོགས་ཀྱི་རྣམ་པའི་ཐོག་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཀྱིས་མཚོན་པའི་ཀྲུང་གོའི་རིག་གནས་མཆོག་ནོར་སྔོག་འདོན་དང་ལེགས་སྒྲིག འཕེལ་རྒྱས་བཅས་བཏང་ནས་དུས་རབས་གསར་པར་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་གསར་པ་འཕེལ་རྒྱུར་སྐུལ་འདེད་བཏང་བ་དང་། རིག་གནས་ཀྱི་ནུས་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་བཏང་ཡོད།

        བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ། བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་གཡང་འཛོམས་ཀྱིས“ཚངས་དབྱངས་རྒྱ་མཚོའི་རིག་གནས་ནི་ལོ་རྒྱུས་རིག་གནས་ཤིག་ཡིན་ལ་རྒྱུན་འཛིན་དང་ཁྱབ་གདལ། འཁྲབ་སྟོན་བཅས་བྱེད་བཞིན་པའི་རིག་གནས་ཤིག་ཀྱང་ཡིན་པས་དེ་རྒྱལ་ཡོངས་མི་དམངས་ཀུན་ལ་དབང་བ་མ་ཟད། གོ་ལ་ཧྲིལ་པོའི་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་མཁན་ཚང་མར་དབང་ཡོད”ཅེས་བཤད་པ་རེད།

        ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་དེ་སྔ་སྐབས་བཞི་བདེ་བླག་ངང་གཉེར་བ་དང་། སྤྱི་ལོ2023ལོར་སྔར་བཞིན་རིག་གནས་ལས་རིགས་ཀྱི་དོ་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། ད་ཐེངས་ཀྱི་རིག་གནས་དུས་ཆེན་གྱི་བྱེད་སྒོའི་ནང་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱིས་ཀྲུང་གོའི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཡར་སྐུལ་ཚོགས་པའི་དར་གོས་ལམ་བུ་གསར་པའི་སྒྱུ་རྩལ་ལས་དོན་ཨུ་ལྷན་དང་མཉམ་དུ་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། གཞན་ཡང་ད་དུང་ཀྲུང་གོའི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཡར་སྐུལ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་མཛུབ་ཁྲིད་ཚན་པར་གདན་དྲངས་ཡོད་པ་རེད།

        བྱེད་སྒོའི་ཚད་གཞི་ཁྱོན་ཡོངས་ནས་རིམ་སྤོར་བྱས་པ་དེས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་སྐབས་ལྔ་པའི་ནང་དོན་དང་རྣམ་པའི་ཐད་ངོ་མཚར་ཆེ་བའི་རྨང་གཞི་བཏིང་ཡོད་པ་མ་ཟད། རིག་གནས་དུས་ཆེན་ལ་རྒྱལ་ཡོངས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཀྱང་ཐེབས་ཡོད་པ་རེད།

        ཀྲུང་གོའི་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཡར་སྐུལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཅན་གོ་ཡིས“ད་ཐེངས་ཀྱི་རིག་གནས་དུས་ཆེན་གཉེར་བ་བརྒྱུད་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་མི་དམངས་ལ་མཛེས་དཔྱོད་ཀྱི་བློ་ཡིད་ཚིམ་པོ་གང་ལེགས་ཐོབ་པ་བྱས་ནས་སྙན་ངག་གི་ཉམས་འགྱུར་ལྡན་པའི་འཚོ་བ་ཐུན་མོང་ཐོག་ལོངས་སྤྱོད་ཐུབ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།

        སྐབས་ལྔ་པའི་རིག་གནས་དུས་ཆེན་ཐོག་ད་དུང་“བཀྲ་ཤིས་འདུ་འཛོམས”ཞེས་པའི་སྙན་ངག་གྱེར་ཚོགས་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་རྩོམ་རིག་སྒྱུ་རྩལ་གྱི་ཆེད་མཁས་པ་བཅུ་ལྷག་ཙམ་སྙན་ངག་གྱེར་ཚོགས་ཀྱི་འགྲེམས་འཁྲབ་ནང་ཞུགས་པ་དང་། དེའི་ནང་དེ་སྔ་ཚད་ལྡན་ཡིག་ཆའི་དངོས་མཚོན་གློག་བརྙན་ཆེ་གྲས་བརྒྱ་ལྷག་ཙམ་ལ་འགྲེལ་བཤད་རྒྱག་མཁན་གྱི་གྲགས་ཅན་གཙོ་སྐྱོང་པ་དང་། གྱེར་འདོན་མཁས་ཅན་རེན་ཀྲི་ཧུང་དང་། དེ་སྔ《ཨ་ཀན་རྣམ་ཐར》སོགས་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་སྟོང་ལྷག་ལ་སྒྲ་སྦྱོར་བའི་ཀྲུང་གོའི་སྒྲ་སྦྱོར་འཁྲབ་སྟོན་པ་གྲགས་ཅན་དང་གྱེར་འདོན་སྒྱུ་རྩལ་པ་ཞུས་ཐའོ། བྱིས་པའི་ལེ་ཚན་གྱི་གཙོ་སྐྱོང་པ་གྲགས་ཅན་ལིའུ་ཁྲུན་ཡན། དེ་བཞིན་གླུ་བ་གྲགས་ཅན་མོར་ཀེན་དང་ཡར་དུང་སོགས་ཡོད་པ་རེད།

        ད་ཐེངས་ཀྱི་སྙན་ངག་གྱེར་ཚོགས་ཐོག་སྙན་ངག་གི་ཉམས་འགྱུར་གྱིས་ཕྱུག་པའི་རིག་གནས་སྒྱུ་རྩལ་དང་། ཚངས་དབྱངས་རྒྱ་མཚོའི་ཚབ་མཚོན་བརྩམས་ཆོས་དང་དེ་མིན་རྩོམ་རིག་བརྩམས་ཆོས་གཞན་དག་གྱེར་འདོན་བྱེད་པ།  མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་བརྩམས་ཆོས་གཏོང་བ། དེ་བཞིན་བོད་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“ནང་མ་སྟོད་གཞས”ཀྱི་གླུ་གར་འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཀྱིས་མཚོན་པའི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་བྱས་ཏེ་རིག་གནས་མཆོག་ནོར་གྱི་མཛེས་དཔྱོད་རིན་ཐང་མངོན་པར་བྱས་ནས་རྩོམ་པ་པོ་དང་བརྩམས་ཆོས་རྒྱབ་ཀྱི་སྒྱུ་རྩལ་གྱི་གྲུབ་ཆ་དང་མཛེས་དཔྱོད་ཀྱི་ནང་དོན་འཚོལ་ཞིབ་བྱས་ཡོད།

        ཐེངས་འདིའི་ཚངས་དབྱངས་རྒྱ་མཚོའི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ལ་འགྲེམས་ཁུལ་ཆེན་པོ་དྲུག་ཡོད་པ་དང་། ཐང་ག་དང་། བོད་ཡིག་ཡིག་གཟུགས། རྒྱ་ཡིག་ཡིག་གཟུགས། རི་མོ་སོགས་ཀྱི་བརྩམས་ཆོས་ཐོག་ནས་ཚངས་དབྱངས་རྒྱ་མཚོའི་དམིགས་བསལ་གྱི་འཁྲུངས་རབས་དང་སྙན་ངག་བརྩམས་ཆོས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དེས་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་གི་མི་རིགས་རིག་གནས་སྒྱུ་རྩལ་ལ་ཐེབས་པའི་ཤུགས་རྐྱེན་ཟབ་མོ་དང་། དུས་མཚུངས་སུ་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་རབས་ལས་བརྒལ་བའི་མཛེས་ཉམས་མངོན་པས་ཀྲུང་གོའི་རིག་གནས་ཀྱི་མཆོག་ནོར་ཞེས་བརྗོད་རྒྱུར་ངོ་གནོང་མི་དགོས་པ་ཞིག་རེད།

        བརྗོད་རིན་ཡོད་པ་ཞིག་ནི་ཐེངས་འདིའི་སྒྱུ་རྩལ་འགྲེམས་སྟོན་ནང“རྔོག་སྐུད་ཀྱིས་དཀྲིས་པའི་ཚངས་དབྱངས་རྒྱ་མཚོའི་སྒྲུང་རིང་ཐང་ག”ཅིག་ཡོད་པ་དེའི་ཆེ་ཆུང་ནི་མི་རྣམས་ཧང་སངས་དགོས་པ་ཞིག་ཡིན་ལ། རིང་ཚད་སྨི་50དང་མཐོ་ཚད་སྨི་2.2ཡོད། 1944ལོར་སྐྱེས་པའི་སོག་རིགས་བུད་མེད་བགྲེས་སོང་ཀེ་རི་ལེས་2016ལོ་ནས་བཟུང་བརྩམས་ཆོས་དེ་གསར་རྩོམ་བྱས་པ་དང་། དུས་ཡུན་ལོ་བདུན་ཏེ་སྤྱི་ལོ2023ལོར་བརྩམས་ཚར་བ་དང་། ད་ཐེངས་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཐོག་བརྩམས་ཆོས་དེ་ཐེངས་དང་པོ་འགྲེམས་སྟོན་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1