ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ཐུན་མོང་མ་ཡིན་པའི་རང་བྱུང་ཆ་རྐྱེན་དང་སྐྱེ་ཁམས་ལེགས་ཆར་བརྟེན་ནས། ཞིང་ལས་གྲུབ་ཆ་ལེགས་སྒྲིག་སྒོས་ཡུལ་བབ་དང་བསྟུན་ཞིང་ཚན་རིག་དང་མཐུན་པར་འཆར་འགོད་བྱས་ཏེ། སྤུས་ལེགས་ཀྲུང་ལུགས་སྨན་རྩྭའི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་སུ་བཏང་། ཀྲི་པུའུ་དང་མཉམ་ལས་ཁང་། ཀུང་སི་དང་ཞིང་དུད་བཅས་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། ཨ་སྐྱིད་རུང་གི་མཐོ་སྒང་ཁྱད་ལྡན་ལྕུམ་རྩའི་ཐོན་སྐྱེད་ཚད་ལྡན་དང་ལས་སྣོན་ཇེ་ལེགས། ཐོན་ལས་ཅན་བཅས་སུ་འཕེལ་བར་སྐུལ་འདེད་བཏང་། ལྕུམ་རྩ་འདེབས་འཛུགས་ནི་ས་གནས་དེའི་རོང་འབྲོག་མང་ཚོགས་ཀྱི་ཡོང་འཕར་ཕྱུག་འགྱུར་གྱི་གསར་དར་ཐོན་ལས་སུ་གྱུར། ཉེ་ཆར་ཨ་སྐྱིད་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་སྡེ་མིར་2022ལོའི་ལྕུམ་རྩའི་ཡོང་འབབ་ལག་ཏུ་འབྱོར།
གྲལ་བསྒྲིགས་ཏེ་མིང་ཐོ་འགོད་བཞིན་སྒོར་མོ་སྤྲོད་བཞིན་ཡོད། སྡེ་མི་ཚོས་ངང་རྒྱུད་རིང་བོས་སྒོར་མོ་ལེན་རྒྱུར་སྒུག་ནས་བསྡད་ཡོད་ལ། ཚང་མའི་ངོ་གདོང་འཛུམ་གྱིས་ཁེངས། མ་ཧྲོང་ཞི་ནི་མཐུན་སྒྲིལ་སྡེ་བའི་ཞིང་བ་ཡིན། ཁོ་ཚང་གིས་ལོ་20ཙམ་ལ་ལྕུམ་རྩ་བཏབ། ཁོས་གསར་འགོད་པར་བཤད་རྒྱུར། སྡེ་བའི་ཁྱིམ་ཚང་30མཉམ་ལས་ཁང་དུ་ཞུགས་ཡོད། མཉམ་ལས་ཁང་གི་སྣེ་ཁྲིད་འོག་ཁོ་ཚོའི་ཡོང་འབབ་ཇེ་མང་དུ་སོང་བས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡང་འཕེལ་རྒྱས་སུ་ཕྱིན་པར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་ལེགས་སུ་སོང་། མཉམ་ལས་ཁང་བཙུགས་པ་ནས་བཟུང་། ད་ལོར་ཡོང་འབབ་ཅུང་ཟད་ཉུང་བ་མ་གཏོགས། ལོ་ཞིག་ལ་ལྕུམ་རྩ་བཙོངས་ནས་ཡོང་འབབ་སྒོར་ཁྲི་13ལོན།
ཨ་སྐྱིད་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་སྡེ་མི་མ་ཧྲོང་ཞི་ཡིས་བཤད་རྒྱུར། ང་ཚོས་འདེབས་འཛུགས་བྱས་པ་ནི་སྐྱེ་ལྡན་ལྕུམ་རྩྭ་ཡིན། ཞིང་ལུད་ལས་རྫས་འགྱུར་ལུད་རྫས་སྤྱད་མ་མྱོང་། དེའི་སྟབས་ཀྱིས་ཚོང་བྲིན། ད་ལོར་བཙོང་ཚད་ཅུང་ཉུང་ལ་སྒོར་ཁྲི་7ཙམ་ལས་བཙོངས་མེད། སང་ལོ་ཕལ་ཆེར་སྒོར་ཁྲི་17ནས་18ཡས་མས་བཙོང་ཐུབ་པས། ལྕུམ་རྩ་འདེབས་འཛུགས་ལ་ཡོང་སྒོ་མི་དམན་པ་ཞིག་ཡོད་པས། མང་ཚོགས་ཀྱི་བློ་ཡིད་ཚིམས།
མ་ཧྲོང་ཞི་དང་འདྲ་བར་ལྕུམ་རྩ་འདེབས་མཁན་ལིའུ་ཞིང་ཚང་ལ་ཡང་ཡོང་འབབ་ལེགས་པོ་ཡོད། ཨ་སྐྱིད་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་སྡེ་མི་ལིའུ་ཞིང་གིས་བཤད་རྒྱུར། ན་ནིང་ངེད་ཚང་གིས་ལྕུམ་རྩ་མུའུ་10བསྡུས་ཤིང་། བསྡོམས་པའི་སྒོར་ཁྲི་14ཡི་རིན་པ་བཙོངས།
རང་བྱུང་གི་ཆ་རྐྱེན་བཟང་བོ་དང་སྐྱེ་ཁམས་ཀྱི་ལེགས་ཆ་ལྡན་པ་ཡིས། ལྕུམ་རྩ་འདེབས་འཛུགས་ལ་ཆ་རྐྱེན་བཟང་བོ་འདོན་སྤྲོད་བྱས། 2008ལོར་ཨ་སྐྱིད་གྲོང་རྡལ་མཐུན་སྒྲིལ་སྡེ་བས་ས་གནས་ཀྱི་ཐོན་ཁུངས་ལེགས་ཆ་ལེགས་པར་སྤྱད་དེ། མཐོ་སྒང་གི་ལྕུམ་རྩ་འདེབས་འཛུགས་ནང་འདྲེན་བྱེད་མགོ་བརྩམས། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡིས་ཚོད་ལྟའི་འདེབས་འཛུགས་ལ་སྣེ་ཁྲིད་དེ། གཞི་རིམ་ཏང་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་མི་སེར་གྱི་ཡོང་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་གནང་། འདེབས་འཛུགས་གཞི་ཁྱོན་ཇེ་ཆེ་དང་ཐོན་ཚད་རྒྱུན་མི་ཆད་པར་འཕར་བ་དང་བསྟུན། 2010ལོར་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག མཐུན་སྒྲིལ་སྡེ་བས་འདེབས་འཛུགས་མཉམ་ལས་ཁང་བཙུགས་ཏེ། ལྕུམ་རྩའི་ལས་སྣོན་རགས་པའི་བཟོ་གྲྭ་བཙུགས་ནས། གཞི་ཁྱོན་ཅན་གྱི་འདེབས་འཛུགས་དང་འཕྲུལ་ཆས་ཅན་གྱི་སྡུད་ལེན་མངོན་འགྱུར་བྱས། ལྕུམ་རྩ་གསར་བ་ཆེད་ལས་ཁང་ལ་བཙོང་རྒྱུ་ནི་སྡེ་བ་དེའི་སྡེ་དམངས་ཀྱི་ཡོང་འབབ་གཙོ་བོར་གྱུར། ལྕུམ་རྩའི་ཕྱིར་འཚོང་བརྟན་པོར་ཡོང་ཆེད། མཉམ་ལས་ཁང་གིས་ལས་སྣོན་རགས་པ་བྱས་རྗེས་ཀུང་སི་ལ་བཙོང་བཞིན་པར་མ་ཟད། ཡུན་རིང་གི་ཉོ་ཚོང་གན་རྒྱ་བཞག་ཅིང་། དེ་ལས་བྱུང་བའི་ཁེ་སྤོགས་དག་ཁྱིམ་ཚང་སོ་སོའི་ཐོན་ཚད་ལྟར་བགོ་བཤའ་བྱས།
ཨ་སྐྱིད་གྲོང་རྡལ་མཐུན་སྒྲིལ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་མོའུ་ཞའོ་ཧུའུ་ཡིས་བཤད་རྒྱུར། ང་ཚོས་2016ལོ་ནས་བཟུང་ཁེ་སྤོགས་བགོས་པ་ཡིན། དངོས་ཟོག་གསར་བ་ལྟར་སྤྱི་རྒྱ་རེ་ལ་སྒོར་ཟུར་5རེའི་ཁེ་སྤོགས་བླངས། ལོ་རེར་ང་ཚོའི་སྡེ་བའི་ཁྱིམ་ཚང་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་ཁྲི་10ཟིན་ལ། ཆ་སྙོམས་ཀྱིས་ཁྱིམ་ཚང་རེ་ལ་སྒོར་ཁྲི་1ཡན་གྱི་ཁེ་སྤྲོགས་བསྐྲུན།
རྒྱུས་ལོན་པ་ལྟར་ན། 2022ལོར་སྡེ་བ་དེའི་ཁྱིམ་ཚང་22ཀྱི་ལྕུམ་རྩ་འདེབས་འཛུགས་ལ་ཡོང་འབབ་སྒོར་ཁྲི་340ལོན། ད་ཆར་ཡོང་འབབ་ཚང་མ་སྡེ་དམངས་ལ་བགོས་ཡོད། རྗེས་སོར་སྡེ་བ་དེར་ད་དུང་སྡེ་དམངས་ལ་ཁེ་སྤོགས་བགོ་རྒྱུ་ཡོད་ལ། ཁྱིམ་ཚང་རེར་སྒོར་ཁྲི་1ཡས་མས་ཤིག་བགོ་རྒྱུ་ཡོད། ཚོད་དཔག་བྱས་ན་བསྡོམས་པའི་སྒོར་ཁྲི་30བགོ་རྩིས་ཡོད།