95ལོའི་རྗེས་སུ་སྐྱེས་པའི་བུ་མོ་བདེ་ཆེན་གཡང་མཚོའི་ལས་གཏོད་ལམ་བུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 05-05


        བདེ་ཆེན་གཡང་མཚོ་ནི་1997ལོར་སྐྱེས་པ་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་དཔལ་ཐང་ཤང་གི་མི་ཡིན། 2019ལོར་ཆེད་ཚན་སློབ་གྲྭ་ཆེན་མོ་ནས་ཐོན་རྗེས། ཁོང་ཕ་ཡུལ་དུ་ཕྱིར་ལོག་ནས་ཚོང་ཁང་གཉེར་སྐྱོང་གི་ཉམས་མྱོང་བསགས་ཏེ་གྲོང་གསེབ་དར་རྒྱས་ཐད་རོགས་འདེགས་བྱས་ཡོད། 2021ལོའི་ཟླ་9པར། བདེ་ཆེན་གཡང་མཚོས་ཀུང་སི་ཞིག་བཙུགས་ནས་རང་ཉིད་ཀྱི་སྤུས་རྟགས་བཏོད་ཡོད། བདེ་ཆེན་གཡང་མཚོས། མིག་སྔར་ཀུང་སིས་ཉོ་ཚོང་གན་རྒྱ་བཞག་པའི་མཉམ་ལས་ཁང་དང་འབྲོག་དུད་60ལྷག་ཙམ་ཟིན་ཞིང་། ཚབ་ཚོང་བ་ཡང་རིམ་བཞིན་སི་ཁྲོན་དང་། ཡུན་ནན། བོད་ལྗོངས། ཧྥུའུ་ཅན་སོགས་སུ་རྒྱ་སྐྱེད་བཏང་ཡོད་ཅེས་བཤད།

        ན་ནིང་། བདེ་ཆེན་གཡང་མཚོས་དྲ་ཐོག་ཐད་གཏོང་བརྒྱུད་ཚོང་ཟོག་འཚོང་བའི་ཚོད་ལྟ་བྱས་ཡོད། དྲ་ཐོག་ཚོང་དོན་གྱི་ཕྱིར་འཚོང་ཤེས་བྱ་གསར་ཤོས་ཤེས་རྟོགས་ཐུབ་ཆེད། ཁོང་སྔ་རྗེས་སུ་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་། ཁྲུང་ཆིང་། ཀྲེ་ཅང་སོགས་སུ་ཕྱིན་ནས་སློབ་སྦྱོང་བྱས་པ་དང་། ཐོན་རྫས་ཐུམ་སྒྲིལ་དང་ཁྱབ་སྤེལ་དྲིལ་བསྒྲགས་སོགས་ཀྱི་ཐད་ཉམས་མྱོང་བསགས་ཡོད།

        ཀུང་སིས་བཏོན་པའི་ཤིང་ཏོག་བསྣུར་མའི་ཞོ་དང་ཚིལ་ལྡན་འབྲིའི་འོ་ཕྱེ་སོགས་ཐོན་རྫས་གསར་པ་དྲ་ཐོག་ཐད་གཏོང་བརྒྱུད་བཙོངས་པས། མགྱོགས་མྱུར་ངང་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།  དེ་དང་ཆབས་ཅིག ཁོང་གིས་ལས་ཀའི་ཞོར་དུ་དུས་ཚོད་དམ་འཛིན་གྱིས་སློབ་སྦྱོང་བྱས་ཁར། ད་དུང་མཚོ་སྔོན་སློབ་ཆེན་རྩིས་པའི་ཆེད་ལས་ཀྱི་དར་མའི་སློབ་གསོའི་དངོས་གཞིའི་ཚན་ཁག་ལ་རྒྱུགས་སྤྲད་པ་རེད།

        ད་ཆ། ཀུང་སི་གཉེར་སྐྱོང་བྱ་རྒྱུ་དེ་རྒྱུན་གཏན་གྱི་འཁོར་ལམ་ཐོག་སྐྱོད་བཞིན་ཡོད་ལ། བདེ་ཆེན་གཡང་མཚོར་ཡང་སློབ་སྦྱོང་གི་དམིགས་ཚད་གསར་པ་ཞིག་བྱུང་ཡོད། ཁོང་གིས། ངས་ད་དུང་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་ནས་བཟོ་ཚོང་དོ་དམ་གྱི་ཆེད་ལས་སློབ་སྦྱོང་བྱས་ཏེ། ཕ་ཡུལ་གྱི་ཞིང་འབྲོག་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་འགྲོ་ཐུབ་པའི་རེ་བ་བཅངས་ཡོད་ཅེས་བཤད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1