དཔྱིད་མགོ་མའི་ཁུ་བྱུག་གི་གསུང་ལ་ཉན་ཞིང་། རི་སྒང་ནས་འབབ་པའི་རྦབ་ཆུའི་བརྗིད་ཉམས་དང་ཉི་ནུབ་སྐར་ཚོགས་ཀྱི་མཛེས་སྡུག་ལ་བལྟས་ཤིང་། གདོད་མའི་ནགས་ཚལ་དུ་འཆམ་འཆམ་དུ་བསྐྱོད་ཅིང་། རང་བྱུང་ཆུ་ཚན་དུ་ལུས་ཁྲུས་བྱེད་པ་སོགས་ནི་བདེ་སྐྱིད་ཀྱི་རོལ་མྱོང་ཐེངས་ཤིག་རེད།
ད་ལོའི་ལྔ་གཅིག་རིང་ཡུལ་སྐོར་བ་ཡུལ་སྐོར་ལ་སྐྱོད་པའི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་བྱ་ཡུལ་གཙོ་བོ་ཡིན་པའི་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ཁུལ་ཆེ་གྲས་ཁག་གིས་ཡུལ་སྐོར་བར་སྣེ་ལེན་བྱས་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད།
ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྔ་གཅིག་གུང་གསེང་རིང་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི108.35ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར11.91ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས153.87%དང153.94%སོ་སོར་འཕར་ཡོད་པ་རེད།
ལྕགས་ཟམ་ཁ་དང་། རོང་བྲག་བརྒྱ་རྒྱུད་བོད་གྲོང་། དར་མདོ་དམུ་རྒོད་མཚོ། དཔལ་སྨད་གསེག་རི་གླིང་ག། ལི་ཐང་གནའ་གྲོང། འདབ་པའི་ཉི་སྟེན་སོགས་ལྗོངས་ཁུལ་ནི་ཡུལ་སྐོར་བ་འདུ་གནས་བཟང་ཤོས་དེ་ཡིན་ལ། ལྕགས་ཟམ་ཁའི་ལྗོངས་ཁུལ་གྱིས་མི་ཁྲི4.84ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས109.37%འཕར་ཡོད། བརྒྱ་རྒྱུད་བོད་གྲོང་ལྗོངས་ཁུལ་གྱིས་མི་ཁྲི4.18ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས281.40%འཕར། དམུ་རྒོད་མཚོ་ལྗོངས་ཁུལ་གྱིས་མི་ཁྲི3.22ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས272.40%འཕར། གསེག་རི་གླིང་ག་ལྗོངས་ཁུལ་གྱིས་མི་ཁྲི3.14ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས214.67%འཕར། ལི་ཐང་གནའ་གྲོང་ལྗོངས་ཁུལ་གྱིས་མི་ཁྲི2.61ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས432.09%འཕར། འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱིས་མི་ཁྲི2.31ལ་སྣེ་ལེན་བྱས་པ་དེ་དུས་མཚུངས་ལས283.67%འཕར། མཛེས་ལྗོངས་ཁུལ་དྲུག་གིས་ཁུལ་ཡོངས་ཀྱིAརིམ་པའི་ལྗོངས་ཁུལ་གྱི་སྣེ་ལེན་བསྡོམས་འབོར་གྱི51.41%བཟུང་ཡོད།
གནམ་ཐང་ཆེ་གྲས་གསུམ་ནས་གནམ་གྲུ་འཕུར་ཐེངས68བྱས་ཡོད་ལ། འགྲུལ་པ་མི་ཐེངས་གྲངས3890སྐྱེལ་འདྲེན་བྱས་ཡོད། གཡག་མདོ་མྱུར་ལམ་དང་། དར་རྩེ་མདོ། ལྕགས་ཟམ་ཁ། བརྒྱད་ཟིལ། སྡེ་རོང་། སེར་ཤུལ། འབའ་ཐང་སོགས་རྫོང(གྲོང་ཁྱེར)གི་འགག་སྒོ་ནས་དཀར་མཛེས་ཁུལ་དུ་རླངས་འཁོར225899བསྐྱོད་ཡོད་ལ། སྐྱེ་ཁམས་ལྟ་སྐོར་དང་། ཁམས་གསོ་སྤྲོ་གསེང་། གསར་བརྗེའི་སློབ་གསོ། གྲོང་གསེབ་ཡུལ་སྐོར། དམངས་སྲོལ་རིག་གནས་མྱོང་རོལ་སོགས་ཡུལ་སྐོར་བྱ་ཡུལ་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།
གུང་གསེང་རིང་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཁག་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ཆུ་ཚོད24རིང་ལས་རེས་ལྟ་སྲུང་ལམ་ལུགས་ལག་ལེན་ནན་པོ་བསྟར་ནས་ཁུལ་དང་རྫོང(གྲོང་ཁྱེར)གི་སྤྱི་བདེ་དང་། རིག་གནས་འགྲིམ་འགྲུལ། གཞུང་ལམ་སོགས་སྡེ་ཚན་གྱི་ལས་དོན་མི་སྣས་ཉིན་ལྟར་རྒྱལ་ལམ317དང་། རྒྱལ་ལམ318། ཞིང་ཆེན་ལམ434དང་། ཞིང་ཆེན་ལམ201སོགས་ལྗོངས་ཁུལ་གྱི་ལམ་ཆེན་རྒྱུད་དུ་བསྐྱོད་དེ་བློ་འདྲིའི་ཞབས་ཞུ་དང་། འགྲིམ་འགྲུལ། ཁྲོམ་རའི་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་ཞིང་། གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་ཚོད་འཛིན་དང་ལྗོངས་ཁུལ་གྱི་ཡུལ་སྐོར་བ་ཁག་བགོས་པ་དང་། འཚུབ་བསྟུན་ཐག་གཅོད་དུས་ཐོག་བཅས་ཀྱི་འགན་ལེན་བྱས་ཡོད་པ་རེད།
ཁུལ་ཡོངས་སུ་འཚུབ་བསྟུན་ཉེན་སེལ་ས་ཚིགས59བཙུགས་པ་དང་། འཚུབ་བསྟུན་ཉེན་སེལ་དཔུང་ཁག19བཙུགས། འཚུབ་བསྟུན་ཉེན་སེལ་མི་སྣ740དང་འཕྲུལ་ཆས་སྒྲིག་ཆས204སྒྲིག་འཛུགས་བྱས་ཤིང་། གཙོ་གནད་ཡུལ་སྐོར་ལམ་ཐིག་དང་ལྗོངས་ཁུལ་དུ་གནས་སྐབས་ཀྱི་འཚུབ་བསྟུན་འཁོར་ལྷས42བཀོད་སྒྲིག་བྱས། དམངས་ཕན་ཞབས་ཞུའི་ས་ཚིགས23བཀོད་སྒྲིག་བྱས། དུས་ཆེན་དང་ངལ་གསོའི་ཉིན་མོའི་དམངས་ཕན་ཞབས་ཞུའི་ས་ཚིགས28བཀོད་སྒྲིག་བྱས། རིན་མེད་ངང་ཆུ་ཁོལ་དང་བློ་འདྲི། རོགས་སྐྱོབ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།
སྤྱི་ཟླ5པའི་ཚེས1ཉིན། དཀར་མཛེས་རྫོང་གིས“དྲྭ་གྲགས་གྲོང་རྡལ་ཆུང་ཆུང”སྒོ་འབྱེད་མཛད་སྒོ་སྤེལ་ཞིང་། ཕྱོགས་སོ་སོའི་ཡུལ་སྐོར་བ་གནས་འདིར་འོང་ནས་ས་གནས་འདི་གའི་ཡུལ་མི་དང་མཉམ་འཛོམས་བྱས་ཤིང་། བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད་པ་རེད།