ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་གླིང་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-05


ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་གླིང་ཆུང་གི་སློབ་མར་འཕྲིན་ལན་སྤྲིངས་ནས་ནན་བཤད་གནང་དོན།

ཞིང་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་དང་ཞིང་དར་གྱི་འཇོན་ཐང་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ཀྱི་གར་སྟེགས་ཆེན་པོར་བྱས་རྗེས་འཇོག་དགོས།

ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་གླིང་ཆུང་གི་སློབ་མ་ཚོར་འཕྲིན་ལན་སྤྲིངས་ནས་ཐུགས་རེ་ནན་པོ་བཅོལ་གནང་བ་དང་འབྲེལ། ལྔ་བཞི་གཞོན་ནུའི་དུས་ཆེན་འཆར་ཉེའི་མཚམས་སུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཡང་ཞུས་པ་རེད།

        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ཚང་མས་སློབ་གྲྭས་བཙུགས་པའི་ཚན་རྩལ་གླིང་ཆུང་བརྒྱུད་ཞིང་ནང་མུ་ཁ་དང་། གྲོང་ཚོ། ཞིང་ཁྱིམ་བཅས་སུ་བསྐྱོད་དེ་གྲོང་གསེབ་དར་རྒྱས་གཏོང་བར་ཞབས་འདེགས་ཞུ་བའི་རིང་དམངས་འཚོའི་དཀའ་གནད་བསལ་བ་དང་ཤེས་བྱ་ཧུར་ཐག་སྦྱངས་པ་ཤེས་བྱུང་བས། ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད་པ་རེད།

        ཞི་ཅིན་ཕིང་གིས་ཁྱེད་ཚོས་བསྐུར་བའི་འཕྲིན་ཡིག་ནང་། ཕ་ཡུལ་ཀྲུང་གོའི་གཞི་རིམ་དུ་བསྐྱོད་ཚེ་གང་ཞིག་ནི་དངོས་ཐོག་བདེན་འཚོལ་ཡིན་པ་དང་། གང་འདྲ་བྱས་ནས་མང་ཚོགས་དང་འབྲེལ་བ་བྱེད་དགོས་པར་གཞི་ནས་གོ་བ་གཏིང་ཟབ་ལོན་བྱུང་། གཞོན་ནུས“རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་དགོས”ཞེས་བྲིས་པའི་སྐད་ཆ་དེ་ཧ་ཅང་ཡག་པོ་བཤད་འདུག དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོར་སྙིང་སྟོབས་འདི་འདྲ་ཞིག་ཡོད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ཐད་བཀོད་སྒྲིག་བྱས་ཡོད། སློབ་མ་ཚོས་མིག་རྒྱང་རིང་ཞིང་ལས་དོན་ཏན་ཏིག་བསྒྲུབས་ཏེ་སློབ་ཁང་དུ་སློབ་སྦྱོང་དང་གྲོང་གསེབ་ཏུ་ལག་ལེན་གཉིས་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཞིང་ལས་ལ་གཅེས་པའི་བརྩེ་སེམས་ཟབ་ཏུ་དང་ཞིང་ལས་དར་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་བའི་གར་སྟེགས་ཆེན་པོར་བྱས་རྗེས་འཇོག་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

        2009ལོར། ཀྲུང་གོ་ཞིང་ལས་སློབ་ཆེན་གྱིས་ཧོ་པེ་ཞིང་ཆེན་ཆུས་ཀྲོའུ་རྫོང་དུ་ཚན་རྩལ་གླིང་ཆུང་འཛུགས་རྒྱུའི་འཚོལ་ཞིབ་བྱས་ཏེ། ཞིང་ལས་ཆེད་ལས་སློབ་གནས་ཀྱི་ཞིབ་འཇུག་སློབ་མ་ཞིང་ལས་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར་མངགས་ནས། ཤེས་བྱ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་མཐར་ཕྱིན་བྱས་པའི་རྨང་གཞིའི་ཐོག ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་རིང་གི་དངོས་ཡོད་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་ཏེ་ཞིང་ལས་ཀྱི་མཐོ་རིམ་ཤེས་ལྡན་པ་གསོ་སྐྱོང་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུས་ཡོད། མིག་སྔར། སློབ་གྲྭ་དེས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་24ཡི་རྫོང་དང་། གྲོང་ཁྱེར། ཆུས། ཆི་བཅས་91ལ་ཚན་རྩལ་གླིང་ཆུང་139བཙུགས་ཡོད། ཉེ་ཆར། ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་གླིང་ཆུང་གི་སློབ་མའི་འཐུས་མིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ཁོང་ཚོའི་གྲུབ་འབྲས་དང་མྱོང་ཚོར་སྙན་སེང་ཞུས་ཏེ་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1