【ནང་དོན་གནད་བསྡུས】དཔྱད་རྩོམ་འདིའི་ནང་དུ་གཡང་གི་རིག་གནས་ཐོག་མར་ཇི་ལྟར་བྱུང་བ་དང་། བར་དུ་རིག་གཞུང་མ་ལག་ཆ་ཚང་ཞིང་བརྗོད་དོན་ཟབ་མོའི་སྒོས་བོད་མིའི་དད་མོས་དང་གཞི་གཅིག་ཏུ་འདྲེས་པ། མཐའ་མར་བོད་ཀྱི་གྲུབ་མཐའ་སོ་སོའི་གཞུང་དོན་དང་འབྲེལ་ནས་འཕེལ་རྒྱས་བྱུང་བ། རིག་གནས་དེའི་མཚོན་དོན་དང་མི་རྣམས་ཀྱི་འདོད་པ། ཆོ་གའི་རིམ་པ་དང་མཆོད་རྫས་སོགས་ལ་དཔྱད་ཞིབ་བྱས་ཡོད་དོ། །
【བརྡ་ཆད་གཙོ་བོ】གཡང་གི་རིག་གནས། འབྱུང་ཁུངས། གོ་དོན། མཚོན་བྱ། མཆོད་རྫས། བཀྲ་ཤིས།
དང་པོ། གཡང་གི་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས།
གཡང་ཞེས་པའི་ཐ་སྙད་འདི་བོད་ཁམས་སུ་དར་ཁྱབ་ཆེ་བ་དང་། ཆོས་སྤྱོད་ཀྱི་ཆོ་ག་དང་འབྲེལ་ནས་མི་རང་ཉིད་ཀྱི་ཁ་རྗེ་དབང་ཐང་དང་། ཚེ་ནོར་རླུང་རྟ་སོགས་བསྐྱེད་པའི་བྱེད་སྒོ་ཞིག་ཏུ་ངོས་འཛིན་གནང་གིན་ཡོད་པས། རིག་གནས་དེ་ཐོག་མར་ཇི་ལྟར་བྱུང་བ་ནི། གནའ་རབས་བོད་པ་རྣམས་ཀྱིས་རང་བྱུང་ཁམས་ལ་ཚོད་དཔག་བྱས་པ་བརྒྱུད་ནས། སྲིད་པའི་འཇིག་རྟེན་གྱི་དངོས་པོ་མཐའ་དག་ལ་དབང་སྒྱུར་མཁན་གྱི་ལྷ་མང་ཞིག་དང་། དེ་མིན་དངོས་པོ་དེ་དང་འབྲེལ་བའི་གདོན་བགེགས་ཀྱི་རིགས་ཀྱང་ཡོད་པར་འདོད། བསམ་བློ་དེའི་ཉེར་ལེན་ལ་བརྟེན་ནས་དངོས་པོ་གང་དང་འབྲེལ་བའི་དབང་གིས་ལེགས་ཉེས་ཀྱི་ཆ་ཞིག་འབྱུང་བར་སྙམ་པ་ནི། མི་ལ་ནད་ཡམས་དང་བར་བགེགས་ཀྱི་འཚེ་བ་བྱུང་དུས། མོ་རྩིས་སོགས་ལ་བརྟེན་ནས་དངོས་པོ་ག་གེ་མོ་ཞིག་རྫས་སུ་ངོས་བཟུང་ནས་ཕྱིར་ཕུད་པའི་གནས་ཚུལ་ཡོད་པ་དང་། དེ་ལ་ཨ་མདོའི་ས་ཁུལ་འགའ་ཞིག་ཏུ་གདོན་རྫས་ཞེས་ཟེར། གདོན་རྫས་ཞེས་བཀྲ་མི་ཤིས་པའི་དངོས་པོ་དེ་ཡང་གཞན་ནས་ཁྱེར་ཡོང་བའི་དངོས་པོ་རྙིང་པ་དག་ལ་ངོས་འཛིན་བྱེད་སྲོལ་ཡོད། དེ་བཞིན་དུ་གཟུགས་ཅན་གྱི་དངོས་པོ་དང་སེམས་ཅན་མཐའ་དག་གི་སྟེང་ན་ལེགས་ཚོགས་བདེ་འབྲས་ཀྱི་བྱེད་ནུས་ཤིག་ཀྱང་ཡོད་པར་འདོད་པས། ཨ་མདོའི་ས་ཁུལ་དུ་རྒྱུ་བདག་གིས་རྟ་ཞིག་བཙོང་སྐབས། རྟ་དེའི་རྔོག་མའི་ཟེ་བ་འགའ་བྲེགས་ནས་རྟ་གཡང་མི་ཤོར་བའི་ཆེད་དུ་དེ་སྔར་རྟ་དེ་བཅུག་སའི་རྟ་རའི་ཀ་བ་ཞིག་ལ་འདོགས་པ་ལྟ་བུ་སོགས་ནི་གནའ་རབས་ཤེས་རིག་གི་བསམ་བློའི་རྒྱུན་དེ་ད་དུང་རང་གནས་སུ་ཡོད་པའི་མཚོན་རྟགས་ཤིག་རེད།
དེའི་ཕྱིར་ན་ཚའི་རྐྱེན་ངན་རྣམས་ཟློག་པ་དང་ཕྱྭ་གཡང་རྒྱུ་ནོར་འཕེལ་བའི་ཐབས་སུ་ལྷ་སྔགས་ཐར་ཐོར་བཟླ་བའམ་འདོན་པའི་ཆོ་ག་ཞིག་གནའ་རབས་བོད་མིའི་བསམ་བློ་དང་འབྲེལ་ནས་དར་ཡོད་པ་དང་། རིག་གནས་ཀྱི་རྣམ་པ་མི་འདྲ་བ་མང་པོ་ཞིག་དེ་ལྟར་བྱུང་ཡོད་པ་རྣམས་ལ་སྲིད་པའི་བོན་ཞེས་བརྗོད་པ་རེད། སྲིད་པའི་བོན་ཞེས་པའི་ཁྱབ་ཁོངས་འདིའི་ནང་དུ་གནའ་རབས་བོད་ཀྱི་དམངས་སྲོལ་དུ་གྱུར་བའི་རིག་གནས་ཀྱི་བྱེ་བྲག་མང་པོ་ཞིག་སྟེ། མོ་རྩིས་དང་ས་དཔྱད། བསང་མཆོད་དང་ལབ་ཙེ་བརྩིགས་པ། དགྲ་བླ་བསྟོད་ཅིང་རླུང་རྟ་བསྐྱེད་པ། ཡར་བཅོས་དང་མར་གཏོ། ཀླུད་རྫོངས་སོགས་ཡོད་པར་མ་ཟད། གཡང་འབོད་པའི་ཆོ་ག་སྟབས་བདེ་ཞིག་ཀྱང་དེ་དུས་སུ་དར་ཡོད་པ་བོན་གྱི་དཔེ་རྙིང་དག་ན་གསལ། སྟོན་པ་གཤེན་རབ་ཀྱི་ཡབ་རྒྱལ་བོ་ཐོད་དཀར་སྐུ་འཁྲུངས་པའི་སྐབས་སུ། “དཔྱིད་ཟླ་ར་བའི་ཚེས་བརྒྱད་ལ། སྲས་རྒྱལ་བུ་གཅིག་འཁྲུངས་སོ། །འཁྲུངས་པའི་དུས་དེར། སེམས་ཅན་ཐམས་ཅད་ཀྱང་སྤྲོ་བ་སྐྱེས་ནས། ལ་ལ་ཡིས་སེལ་བཏབ། ལ་ལ་ཡིས་ཁྲུས་བྱས། ལ་ལ་ཡིས་གཡང་བླན། ལ་ལ་ཡིས་ལྷ་གསོལ། ”[1]ཞེས་གསུངས་པ་ལས“གཡང་བླན”ཞེས་པའི་ཚིག་འདིར་དཔགས་ན། གཤེན་རབ་མི་བོ་ཆེའི་ཡབ་རྒྱལ་བོ་སྐུ་འཁྲུངས་དུས་སུ་གཡང་གི་ཆོ་ག་དར་ཁྱབ་ཏུ་ཡོད་པ་ཤེས་ཐུབ།
གཡང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་སྔར་སྲོལ་དུ་དར་བའི་གཡང་གི་རིག་གནས་དེ་གཞུང་ལུགས་ཅན་དུ་བསྒྱུར་ཏེ། བོན་གྱི་ཐེག་པ་རིམ་དགུ[2]ལས་ཐེག་པ་འོག་མའི་དང་པོ་ཕྱྭ་གཤེན་ཐེག་པའི་སྐབས་བསྟན་ཡོད་པས། རྒྱུའི་བོན་དང་འབྲས་བུའི་བོན་གཉིས་ལས་རྒྱུའི་བོན་གྱི་ཁོངས་སུ་གཏོགས། “རྒྱུའི་བོན་དང་འབྲས་བུའི་བོན་གཉིས་ཀྱི་ཁྱད་པར་ནི། ཕྱི་མ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་དངོས་རྒྱུ་ངོ་མ་ཞིག་ལ་འབྲས་བུའི་བོན་ཟེར་བ་དང་། ཚེ་འདིའི་དབང་ཐང་དང་རླུང་རྟ། བདེ་སྐྱིད་སོགས་སྒྲུབ་པའི་ཐབས་ལ་རྒྱུའི་བོན་ཟེར་བ་ཡིན།”[3]ཞེས་མཁས་དབང་བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་གསུངས།
སྟོན་པ་གཤེན་རབ་ཀྱིས་གཞུང་ལུགས་ཅན་དུ་བསྒྱུར་བའི་གཡང་གི་རིག་གནས་དེ་ཕྱིས་སུ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། བོན་ཤེས་པ་ཅན་བཅུ་གཉིས[4]ཞེས་རྒྱུའི་བོན་གྱི་ཆོས་ཚན་སོ་སོར་ཧ་ཅང་མཁས་པའི་བོན་པོ་རེར་བྱུང་ཡོད་ལ། ཁོང་རྣམ་པའི་མཚན་རེ་རེའི་དོན་ལ་དཔྱད་ན། རྒྱུའི་བོན་དུ་གསུངས་པའི་ཆོས་ཚན་རེ་རེའི་མིང་ཡིན་ལ་ཆོས་ཚན་གང་དེར་མཁས་པའི་ཕྱིར་ན། བོན་ཤེས་པ་ཅན་ཞེས་བདག་པོའི་སྒྲ་ཞིག་སྦྱར་བ་རེད། དེའི་ཕྱིར་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་གཡང་ཤེས་ཕྱྭ་བོན་ཞེས་པ་གཡང་སྒྲུབ་དང་། དེའི་ཆོ་ག་ཕྱག་ལེན་ལ་ཧ་ཅང་མཁས་པའི་བོན་པོ་ཞིག་ལ་མཚན་དེ་ལྟར་གསོལ་བ་ཡིན་ལ། བོན་ལུགས་ཡོངས་གྲགས་སུ་ཕྱྭ་གཤེན་པ་ཟེར་ཞིང་། ཕྱྭ་གཤེན་གྱི་ཁོངས་སུ་མོ་དང་། རྩིས། གཏོ། དཔྱད་བཅས་འདུས་པར་བརྟེན། འདིར་དམིགས་སུ་བཀར་ནས་གཡང་ཤེས་ཕྱྭ་བོན་ཞེས་པའི་མཚན་བཏགས་པ་རེད།
གཉིས་པ། གཡང་གི་གོ་དོན།
གཡང་ཞེས་པ་ནི་བོན་གཞུང་རྣམས་སུ་ཕྱྭ་ཞེས་པའི་ཡིག་འབྲུ་དང་འབྲེལ་ནས་གསུངས་ཀྱིན་ཡོད་ལ། ཕྱྭ་ཞེས་པའི་ཡིག་གེ་འདིར་ཕྱྭ་དང་ཕྱ་ཞེས་འབྲི་ལུགས་གཉིས་བྱུང་བ་དང་། ཏུན་ཧོང་ཡིག་རྙིང་དུ་ཕྱ་དང་བོན་གཞུང་རྣམས་སུ་ཕྱྭ་ཞེས་བྲིས་པ་མང་། བརྗོད་འབྲེལ་གྱི་དབང་གིས་བསོད་ནམས་ལ་འཇུག་པ་དང་། གཡང་ལ་འཇུག་པ། ཚེ་ལ་འཇུག་པ། བཅུད་དང་དྭངས་མ་ལ་འཇུག་པ། རིགས་རུས་ལ་འཇུག་པ་སོགས་མང་པོ་ཞིག་ཡོད་པ་ལས། ཕྱྭ་གཡང་ཞེས་པའི་ཕྱྭ་ཡི་གནད་དཔྱད་ལ་མཁས་དབང་བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་ཚང་གིས། “ཕྱྭ་ཞེས་པ་ཞང་ཞུང་སྐད་དོད་དུ་ཤེསྩྀ་ཟེར་བ་དང་། བོད་སྐད་དུ་བསོད་ནམས་ཀྱི་དོན་ཡིན། དེའི་ཕྱིར་བསོད་ནམས་རྒྱས་ན་ཕྱྭ་གཡང་དར་བ་དང་། བསོད་ནམས་ཟད་ན་ཕྱྭ་གཡང་ཉམས་འགྲོ་ཟེར།”[5]ཞེས་གསུངས་པ་དང་། «དུང་དཀར་ཚིག་མཛོད་ཆེན་མོ»ལས། “བསོད་ནམས་ཀྱི་འབྲས་བུ་གསུམ་ལ། ཚེ་རིང་བ་དང་། ནད་མེད་པ། ལོངས་སྤྱོད་ཆེ་བ་གསུམ”[6]དྲངས་པ་དང་། དེ་ནི་བསོད་ནམས་ཀྱི་དངོས་གྲུབ་ལས་བྱུང་བའི་འབྲས་རྟགས་དང་ནུས་པ་ཞིག་ལ་གོ་ཡོད། གཡང་སྒྲུབ་སོགས་ཀྱི་གཞུང་མང་པོ་ན་ཕྱྭ་དང་འབྲེལ་བའི་ཐ་སྙད་ལ། ཕྱྭ་རྗེ་དང་། ཕྱྭ་གཤེན། ཕྱྭ་མཁན། ཕྱྭ་བོན། ཕྱྭ་མཁར་སོགས་ཡོད་པ་རྣམས་ཀྱི་དོན་མདོ་ཙམ་ཞུས་ན། ཕྱྭ་རྗེ་ནི་འགྲོ་བ་མིའི་རིགས་ལ་གཡང་རྩོལ་མཁན་གྱི་ལྷ་རིགས་སྤྱིའི་དཔོན་མིང་ལ་འཇུག་པ་དང་། ཕྱྭ་གཤེན་ཞེས་པ་ནི་གཙོ་བོ་འཇིག་རྟེན་མི་ལ་བདེ་དགའི་ལེགས་ཚོགས་འགྲུབ་ཕྱིར་དུ་གཡང་སོགས་འགུགས་པའི་ཆོ་ག་འདོན་པའི་བོན་པོའམ་གཤེན་པོ་ལ་འཇུག་པ་དང་། ཕྱྭ་མཁན་ནི་འཇིག་རྟེན་གྱི་ལེགས་ཉེས་ཐམས་ཅད་མོ་དང་དྲ་ཡི་ལམ་ནས་བརྟགས་མཁན་གྱི་རིགས་ལ་ཟེར་བ་དང་། ཕྱྭ་བོན་ཟེར་བ་ནི་ཕྱྭའི་ལྷ་ཚོགས་བསྙེན་ཞིང་གསོལ་ནས་དབུལ་བ་སེལ་བ་དང་། ཕྱྭ་གཡང་འགུགས་པར་མཁས་པའི་བོན་པོ་ཞིག་ལ་ཟེར། ཕྱྭ་མཁར་ནི་ཕྱྭ་ཡི་རྗེ་བོ་བཞུགས་གནས་ཀྱི་ཁང་བཟང་ངམ་ཕོ་བྲང་ལ་འཇུག་པ་སོགས་སྐབས་ཐོབ་ཀྱི་གོ་བ་རེ་ཡོད་ནའང་། དོན་གྱིས་གཡང་དང་འབྲེལ་ཡོད་པའི་ཕྱིར་ན། གཡང་གི་ངོས་འཛིན་ཐད་ལ། «བོད་རྒྱ་ཚིག་མཛོད་ཆེན་མོ»ལས། “དཔལ་འབྱོར་ཕུན་སུམ་ཚོགས་པའི་ཕྱྭའམ། བཅུད་དམ། བསོད་ནམས”[7]ཞེས་དང་། «དུང་དཀར་ཚིག་མཛོད་ཆེན་མོ»ལས། “བོན་གྱི་ཆོས་སྐད་ལ་ཕྱྭ་གཡང་ཞེས་པའི་གོ་དོན་ནི། མི་དང་ལྷ་སོགས་ཚེ་རིང་པོར་སྡོད་པ་རྣམས་ཀྱི་ཚེའི་གཡང་དང་། བསོད་ནམས་ཅན་གྱི་ནོར་གཡང་། སྙན་གྲགས་ཅན་གྱི་གྲགས་པ། རིགས་རྒྱུད་མང་པོ་ཅན་གྱི་སྲིད་འཕེལ་བའི་གཡང་སོགས་འཇིག་རྟེན་འདིའི་ནང་གི་ལེགས་པའི་ཕྱོགས་ཐམས་ཅད་ཚང་བ་ལ་གཡང་དང་། དེ་མ་ཚང་བ་རྣམས་ལ་འགུག་ཐབས་ཀྱི་ཆོ་ག་ལ་རྟེན་ནས་ཚུར་སྡུད་པ་ལ་ཕྱྭ་གཡང་འགུག་པ་ཞེས་ཟེར་སྲོལ་འདུག རྗེས་སུ་སངས་རྒྱས་ཆོས་ལུགས་པས་ནང་དོན་བསྒྱུར་ནས་རྣམ་པ་རང་སོར་བཞག་པ་ཡིན་སྟབས། བོད་ཀྱི་གྲུབ་མཐའ་ཚང་མར་རང་རང་གི་གཡང་འགུག་ཆོ་ག་ཡོད།”[8]ཅེས་གསུངས་ཡོད་པ་དག་ལ་གཞིགས་ན། ཕྱྭ་ཞེས་བསོད་ནམས་འཕེལ་བར་བྱས་ན་ཚེ་རིང་བ་དང་། ནད་མེད་པ། ལོངས་སྤྱོད་རྒྱས་པའི་གཡང་ཆགས་པར་བཞེད་པ་དང་། ཟབ་མོ་ཆོས་ཀྱི་གཞུང་དོན་ལྟར་ན། མི་ཚེའི་བདེ་སྡུག་མཐའ་དག་ནི་སྔོན་བསགས་ལས་ཀྱི་འབྲས་བུ་སྟེ་བསོད་ནམས་ཆེ་ཆུང་དང་འབྲེལ་ནས་ཚེ་འདིར་མྱོང་བར་འདོད་པས། སྔ་མའི་གར་བྱས་རང་གི་ལུས་ལ་ལྟོས། །ཕྱི་མ་གར་སྐྱེས་རང་གི་སེམས་ལ་རེག །ཅེས་པ་དང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དུའང་མི་ཞིག་གི་འདོད་དོན་ཇི་བཞིན་དུ་འགྲུབ་པར་མ་ཟད། ཚེ་ལ་བར་ཆད་མེད་པར་བདེ་ཞིང་སྐྱིད་པའི་དཔལ་ལ་རོལ་བ་ཞིག་མཐོང་ན། མི་དེ་བསོད་ནམས་ཆེ་ཞེས་ཡིད་སྨོན་བྱེད་པ་འདི་ལས་བསོད་ནམས་ཞེས་པའི་བསྟན་བྱ་གང་ཡིན་པ་ངེས་ཤེས་འདྲོངས་ཐུབ་ལ། བོན་ལུགས་སུ་ཕྱྭ་གཡང་ཞེས་པའི་ཕྱྭ་དེ་གཡང་དང་འབྲེལ་ནས་གསུངས་དོན་ཡང་དེ་བཞིན་དུ་རྟོགས་ཐུབ།
ད་ལྟ་ཡོངས་གྲགས་སུ་གཡང་འབོད་ཅེས་ངག་ནས་བརྗོད་པ་དང་དཔེ་ཆའང་གཡང་དང་འབྲེལ་བ་མང་པོ་ཞིག་མཐོང་རྒྱུ་ཡོད་པའི་གཡང་གི་དོན་ནི། འཇིག་རྟེན་འདིའི་ལེགས་པའི་ཕྱོགས་ཐམས་ཅད་ཀྱི་བྱེད་ནུས་སམ་དངོས་གྲུབ་ཅིག་ལ་གཡང་དང་། དེ་མ་ཚང་བ་རྣམས་ཚུར་འགུག་པའམ་བསྡུ་བའི་ཆོ་ག་ཞིག་ལ་གཡང་འབོད་ཟེར་བ་རེད། དེའི་ཕྱིར་འཇིག་རྟེན་གྱི་མི་སུ་ཡིན་ཡང་རང་ཉིད་ཀྱི་བྱ་གཞག་ཐམས་ཅད་བདེ་ལེགས་དང་། ནད་མེད་ཚེ་རིང་ཡོང་བ། ཁ་རྗེ་དབང་ཐང་དར་བར་མི་འདོད་མཁན་གཅིག་ཀྱང་མེད་པའི་ཕྱིར་ན། བོན་ལུགས་སུ་དར་བའི་གཡང་གི་རིག་གནས་དེ་ཕྱིས་སུ་སངས་རྒྱས་ཆོས་ལུགས་པས་ནང་དོན་དུ་བསྒྱུར་ནས་བོད་ཡུལ་གྱི་གྲུབ་མཐའ་སོ་སོར་གཡང་འགུག་གི་ཆོ་ག་དར་བ་གོང་དུ་དྲངས་པ་ལྟར་རོ། །
གསུམ་པ། གཡང་གི་རིག་གནས་ཀྱི་ཁྱབ་ཁོངས་དང་མཚོན་བྱ།
«གསེར་འོད་ནོར་བུ་འོད་འབར»གྱི་(སྟོན་པ་གཤེན་རབ་ཀྱིས་འ་ཞ་གསང་བ་ལ་གསུངས།)བཀྲ་ཤིས་ཚེ་ནོར་གཡང་སྐྱབས་ཀྱི་ལེའུ་ན། “འཛམ་ལྷ་འཁོར་བཅས་ནོར་གྱི་བདག །ཕྱྭ་གཡང་བསྒྲུབ་ཕྱིར་གནས་འདིར་སྤྱོན། །དིང་འདིར་ལོངས་སྤྱོད་དངོས་གྲུབ་སྩོལ། །ཀླུ་རྒྱལ་རིགས་ལྔ་ནོར་གྱི་གཏེར། །ལོངས་སྤྱོད་ནོར་སྒྲུབ་གནས་འདིར་སྤྱོན། །དིང་འདིར་ལོངས་སྤྱོད་དངོས་གྲུབ་སྩོལ། །ཕྱོགས་བཞི་རྒྱལ་ཆེན་སྡེ་བཞི་དང་། །རྒྱུ་སྐར་ལྷ་མོ་ཉི་ཤུ་བརྒྱད། །འབྲུ་བཅུད་དཀོར་ནོར་དངོས་གྲུབ་སྩོལ། །ཚེ་བདག་གཡང་ལྕམ་ནོར་ལྷ་རྣམས། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས། །དངོས་གྲུབ་བཅུད་སྡུད་གནས་འདིར་སྤྱོན། །དཀར་གསུམ་སྐྱུར་མངར་ལོངས་སྤྱོད་འབུལ། །ཚེ་རིང་ནོར་འཕེལ་དངོས་གྲུབ་སྩོལ། །” [9]ཞེས་ནོར་ལྷའི་རིགས་ལ་འཛམ་ལྷ་འཁོར་བཅས་དང་། ཀླུ་རྒྱལ་རིགས་ལྔ། རྒྱལ་ཆེན་སྡེ་བཞི། རྒྱུ་སྐར་ལྷ་མོ་ཉེར་བརྒྱད། གཡང་ལྕམ་ནོར་ལྷ་རྣམས་ཡོད་པར་མ་ཟད། གཞུང་དེ་ཉིད་དུ་ད་དུང་ནོར་བདག་དཔལ་མགོན་བདུན་ཅུ་དང་། ཕྱོགས་བཞི་མཚམས་བརྒྱད་དང་སྟེང་འོག་ན་ཕྱྭ་གཡང་རྒྱལ་བོ་འཁོར་བཅས་བཞུགས་ལ་སྐུ་མདོག་ཀྱང་དཀར་དམར་སྔོ་ལྗང་སོགས་ཀྱི་ཚུལ་མཛད་པར་གསུངས་ཡོད།
«རྒྱལ་ཡུམ་བྱམས་མ་ཆེན་མོའི་གཡང་འབོད་འདོད་འབྱུང་ནོར་བུ»ལས། “རིག་ལྡན་ཅང་ཤེས་རྟ་དང་གླང་པོ་ཆེ། །འདོད་འཇོ་བ་དང་མ་ཧེ་མཛོ་འབྲི་གཡག །ར་ལུག་རྟོལ་འགར་དཀོར་ནོར་རྐང་འགྲོའི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མའི་འདི་རུ་སྩོལ། །”[10]ཞེས་གཡང་ལ་རྟ་ནོར་སོགས་ ཕྱུགས་ཀྱི་གཡང་དང་། དེ་ཉིད་ལས“རྣམ་དག་ཁང་བཟང་དགོན་གནས་གྲོང་སྡེ་སོགས། །སྦྲ་གུར་ཡུལ་ཞིང་མི་ནོར་གཡོག་འབངས་འཁོར། །གླིང་བཞི་སྲིད་པའི་ཕུན་ཚོགས་དཔལ་གྱི་གཡང་། །དེ་རིང་རྒྱལ་ཡུམ་བྱམས་མའི་འདི་རུ་སྩོལ། །”[11]ཞེས་དགོན་པ་དང་གཞི་ཁྱིམ། གྲོང་སྡེ་དང་ས་ཞིང་། སྦྲ་གུར་དང་ནོར་ཕྱུགས་སོགས་ཀྱི་གཡང་དང་། «རྨ་རྒྱལ་གཡང་འབོད»ལས། “ཚེ་གཡང་སྙན་གཡང་དཔལ་གཡང་འབྱོར་གཡང་དང་། །བཙན་གཡང་ཕྱུག་གཡང་འཕན་པའི་གཡང་ཆེན་ཕོབས། །ནད་མུག་མཚོན་འཁྲུག་བསྐལ་པ་(པའི)རྒྱུན་ཆད་དེ། །རྫོགས་ལྡན་དཔལ་ལ་སྤྱོད་པའི་གཡང་ཆེན་ཕོབས། །[12]”ཞེས་ཚེ་རིང་ལ་སྙན་གྲགས་རྒྱས་པ་དང་དཔལ་འབྱོར་འཕེལ་ཞིང་ནད་མུག་གི་རྒྱུན་ཆོད་པའི་གཡང་དང་། དེ་ཉིད་ལས“སྲིད་ཞིའི་དཔལ་ཡོན་མ་རྨད་ལེགས་པའི་ཚོགས། །བཙན་ཕྱུག་ཕན་དར་དཔལ་མཛངས་ཟས་གོས་དང་། །མི་རྟ་ནོར་ཕྱུག་གསེར་དངུལ་འབྲུ་བཅུད་སོགས། །ཕྱོགས་བཅུའི་ས་སྟེང་རི་བོའི་ཕྱྭ་གཡང་རྣམས། །དེ་རིང་ཨ་མའི་གཡང་ཁྱིམ་འདིར་ཁུག་ཤོག །”[13]ཅེས་བཙན་ཕྱུག་དར་བ་དང་དཔལ་མཛངས་ལྡན་པ། ཟོས་གོས་དང་འབྲུ་བཅུད་སོགས་འཛོམ་པའི་གཡང་ལས་གཞན། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་བའི་གཡང་དང་། ཚུལ་ཁྲིམས་དག་པའི་གཡང་། འཕྲིན་ལས་སྤེལ་བའི་གཡང་། ཁམས་གསུམ་སྐྱེ་འགྲོ་མ་ལུས་དབང་དུ་སྡུད་པའི་གཡང་། ནད་དང་སྡུག་བསྔལ་ཐམས་ཅད་ལས་སྲུང་ཞིང་སྐྱོབ་པའི་གཡང་། འདོད་དགུ་གཏེར་གྱི་གཡང་། བཀྲ་ཤིས་བདེ་ལེགས་འབྱུང་བའི་གཡང་། དུག་རྣམས་མ་ལུས་འཇོམས་པས་གཡང་། རྩོད་དང་རྨི་ལམ་ངན་པ་ཐམས་ཅད་ཞི་བར་བྱེད་པའི་གཡང་སོགས་ཀྱི་དབྱེ་བ་ཧ་ཅང་མང་པས། འཇིག་རྟེན་གྱི་འབྱུང་ཁམས་ཐམས་ཅད་ལ་གཡང་གིས་མ་ཁྱབ་པ་ཞིག་མེད་པར་སྣང་། དེའི་ཕྱིར་ས་ཆུ་རི་ལུང་སོགས་ལ་གཏེར་སྒྲུབ་བྱས་ན་བསམ་དོན་འགྲུབ་ཞིང་ལོངས་སྤྱོད་འཕེལ་བ་དཔེར་ན། «གཏེར་སྒྲུབ་ཉུང་འདུས་འདོད་འབྱུང་དཔག་བསམ་ལྗོན་པ»ལས། “འབྱུང་བ་ལྔ་ལྡན་པ་ཡི་ལྷ་མོའི་དབྱིངས། །མི་ཟད་རྒྱན་གྱི་འཁོར་ལོར་གཏེར་སྦེད་དོ། །འདོད་དགུ་ཡིད་བཞིན་ཆར་ལྟར་འབེབ་པའི་ཕྱིར། །གསེར་དངུལ་རིན་ཆེན་སྣ་ཚོགས་གཏེར་སྦེད་དོ། །ཉོན་མོངས་བརྒྱད་ཁྲིའི་ནད་རྣམས་སེལ་བའི་ཕྱིར། །སྨན་སྣ་དུང་ཕྱུར་མང་པོའི་གཏེར་སྦེད་དོ། །བཀྲེས་སྐོམ་མུ་གེས་གདུང་བ་སེལ་བའི་ཕྱིར། །ནས་འབྲས་འབྲུ་སྣ་མང་པོའི་གཏེར་སྦེད་དོ། །”[14]ཞེས་དང་། དེ་ཉིད་ལས“ས་བཅུད་ཡུལ་བཅུད་རྟག་ཏུ་རྒྱས་པའི་ཕྱིར། །ས་སྣ་ཆུ་སྣ་ཤིང་སྣའི་གཏེར་སྦེད་དོ། །མཐར་ཐུག་སྐུ་གསུམ་དོན་དང་ལྡན་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་གཏེར་སྦེད་དོ། །” [15]ཞེས་གཏེར་ལ་གཏེར་རྫས་ཀྱི་རིགས་དང་དེ་དག་གི་དམིགས་བྱའམ་ཤུགས་བསྟན་གྱི་དགོས་པ་ཅི་ཡིན་གསལ་བར་བསྟན་ཡོད་དོ། །
ཕྱོགས་བཞི་མཚམས་བརྒྱད་དང་སྟེང་འོག་ཀུན་ན་གཡང་གི་ལྷ་ཚོགས་བཞུགས་ལ། དེར་གཡང་གི་ཆོ་ག་དང་འབྲེལ་ཏེ་གཡང་འབོད་དང་། གཡང་སྒྲུབ། གཏེར་སྒྲུབ་སོགས་ཀྱི་ཆོ་གའི་རིམ་པ་ལྟར་སྒྲུབ་པ་ཡིན་ན། སྐྱེ་བོ་དེ་ཉིད་ལ་ཚེ་བསོད་ཡོན་ཏན་འཕེལ་བར་བྱེད་པ་དང་། ཁ་རྗེ་དབང་ཐང་ དང་རླུང་རྟ་དར་བར་བྱེད་པ། ཕུན་སུམ་ཚོགས་པའི་ལོངས་སྤྱོད་རྒྱས་པར་བྱེད་པ། བྱ་གཞག་མཐའ་དག་གི་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་དངོས་གྲུབ་ཐོབ་པར་འདོད་པ་བཅས་ནི། བོད་པ་རྣམས་ཀྱི་བསམ་བློའི་གཏིང་རིམ་དུ་གནས་པའི་རིག་གནས་འདིའི་མཚོན་བྱ་ཡིན་ནོ། །
བཞི་བ། གཡང་གི་དཔེ་ཆ།
སྔོན་གྱི་བོན་གཤེན་དང་རྟོགས་ལྡན་པ་རྣམས་ཀྱིས་རང་རང་གི་ཡི་དམ་ལྷ་དང་ཆོ་ག་ཕྱག་ལེན་གྱི་རྒྱུན་སོགས་མི་འདྲ་བར་བརྟེན་ནས་གཡང་གི་དཔེ་ཆའང་མང་པོ་ཞིག་བརྩམས་གནང་མཛད་ཡོད་པ་ལས། འདིར་མཚོན་དཔེ་ཙམ་ཞིག་ངོ་སྤྲོད་ཀྱི་ཚུལ་དུ་ཞུས་ན། «མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་དོན་ལྡན»ཞེས་པོད་སུམ་ཅུ་ཡོད་པའི་ཁྲོད་ན། གཡང་གི་དབུ་ལྷ་བཞུགས་སོ་དང་གཡང་པོ་དབུ་ལྷ་བཞུག་ཅེས་གཡང་གི་ཚན་པ་གཉིས་བཀོད་པ་དེར་ཡིག་ནག་གི་འབྲི་སྟངས་དང་སྐུང་སྟངས་ནི་ཆེས་རྙིང་བ་ཞིག་ཏུ་གྱུར་ཡོད་པས། གཡང་གི་དཔེ་ཆ་ཆེས་རྙིང་གྲས་སུ་བརྩི་ཆོག་པར་སྙམ། གསེར་འོད་གཡང་སྐྱབས་དང་། གཡང་འབུམ་དཀར་པོ། ནོར་ལྷ་གཡང་འབོད། དཔལ་བཀྲ་ཤིས་འཁྱིལ་བའི་གཡང་འབོད། རྩ་གསུམ་གཡང་འབོད་རྣམས་ཀྱི་འདོན་དབྱངས་རྟ་གཅིག་པ་དང་། རྣམ་རྒྱལ་གཡང་འབོད། ཕྱྭ་གཡང་དྲུང་གླིང་དགུའི་གཡང་འབོད། རྣམ་སྲས་གཡང་སྒྲུབ། འདོད་པ་དགུ་འགྱུར་གྱི་གཡང་འབོད། རྨ་ཆེན་གཡང་འབོད། འཛམ་སྔོན་གཡང་སྒྲུབ། མི་བདུད་ཨ་བསྭེ་སོགས་ཀྱི་གཡང་སྒྲུབ་སྐོར་དང་། མཁའ་ཀློང་གཡང་འགུགས། གཡང་ལེན་རིགས། གཡང་གཏད་རིགས། མཁའ་ཀློང་སོགས་མདོས་ཞུ་ལེན་གྱི་གཡང་སྒྲུབ། རྣམ་རྒྱལ་མཁའ་མཉམ་རབ་འབྱམས་ཀྱི་གཡང་འབོད། ཀླུ་མཆོད་གཡང་འབོད་སྲིད་སྒྲུབ་རྣམས་འདོན་དབྱངས་རྟ་གཅིག་ཅེས་རེབ་གོང་གི་དབོན་རྒན་ལྕགས་ཐར་རྒྱལ་གྱིས་བཤད། ད་དུང་གཡང་གི་སྐོར་ལ་དཔེ་ཆ་མང་པོ་ཞིག་མཇལ་རྒྱུ་ཡོད་པ་རྣམས་ལས་གཡང་འབོད་དང་། གཡང་འགུགས། གཡང་བླན། གཡང་ལེན། གཡང་ལྡོན་སོགས་ཀྱི་ཐ་སྙད་དུ་མ་ཞིག་བྱུང་ཡོད་པ་རྣམས་དོན་གཅིག་ཡིན་ནོ། །
ལྔ་བ། གཡང་འབོད་ཀྱི་ཆོ་ག
«དག་ཡིག་གསར་བསྒྲིགས»ལས། ཆོ་ག་ཞེས་པ་ནི། “རིམ་པ་ལྟར་བྱེད་པའི་མཛད་སྒོའི་མིང་།”[16]ཞེས་འགྲེལ་བ་དང་། ཆོ་ག་ལ་རིགས་སྣ་ཚོགས་ཤིག་ཡོད་པས། དེའི་བྱེ་བྲག་གང་གི་བརྗོད་དོན་དང་འབྲེལ་ནས་རིམ་པ་ལྟར་སྤེལ་བའི་བྱེད་སྒོ་ཞིག་ལ་ཟེར་ཞིང་། བྱེད་སྒོ་དེ་ཡང་རིམ་པ་གསུམ་དུ་བསྡུ་རུང་སྟེ། «དུང་དཀར་ཚིག་མཛོད་ཆེན་མོ»ལས། ཆོ་གའི་ཡན་ལག་གསུམ་ནི། “སྦྱོར་བ། དངོས་གཞི། མཇུག་གི་བྱ་བ།”[17]ཞེས་གསུངས་པ་ལྟར། སྦྱོར་དངོས་མཇུག་གསུམ་གྱི་གོ་རིམ་ཆ་ཚང་བའི་བྱེད་སྒོ་ཞིག་ལ་ཆོ་ག་ཞེས་ངོས་འཛིན་ཆོག་པར་འདོད། ཡིན་ནའང་འདིར་བཤད་པའི་གཡང་འབོད་ཀྱི་ཆོ་ག་ནི། མཆོད་པའི་ཆོ་ག་ལས་བྱེ་བྲག་གཡང་འབོད་པའི་ཆོ་ག་སྟེ། གཡང་ཅི་དང་གང་ཞིག་ལ་འབོད་པ། དེ་ནས་གཡང་འབོད་བྱེད་མཁན་གདན་དྲངས་ཏེ་གཡང་འབོད་ཀྱི་ལས་རིམ་དངོས་ལ་འཇུག་པ། མཐར་བཀྲ་ཤིས་ཀྱི་སྨོན་ཚིག་བཟླས་ཏེ་མཇུག་སྡུད་པ་ཡིན་ནོ། །
དད་ལྡན་གང་གི་འདོད་དོན་དེ་མངོན་འགྱུར་ཡོང་བར་དང་པོ་མོ་དང་རྩིས་ལ་བརྟེན་ནས་གཡང་ཅི་ཞིག་འབོད་པ་གཏན་འཁེལ་བྱས་རྗེས། གཡང་འབོད་བྱེད་མཁན་གདན་འདྲེན་པ་ཡིན་ཡང་། ད་ལྟ་མི་རང་རང་གི་དགོས་མཁོ་གང་ལ་ཆེད་དུ་དམིགས་ནས་ཐད་གར་གཡང་འབོད་བྱེད་མཁན་གྱི་ཨ་མཆོད་གདན་འདྲེན་པ་ཧ་ཅང་མང་། གཡང་འབོད་བྱེད་མཁན་ནི་བོན་ལུགས་ལྟར་ན། སྣོད་བཅུད་ལེགས་ཚོགས་ཀྱི་བྱེད་པོ་ཕྱྭའམ་གཡང་དེ་རིགས་འགུགས་པའི་ནུས་པ་ལྡན་ཞིང་ཆོ་གའི་རིམ་པ་ལྟར་ཕུན་ཚོགས་དཔལ་ཡོན་བསྐྱེད་པའི་ལས་སྦྱོར་བྱེད་མཁས་པ་ཞིག་ཡིན་དགོས། དེ་འདྲ་མིན་ཡང་དུས་རྒྱུན་མཚམས་དང་བསྙེན་པ་མང་པོ་སོང་ལ། གཡང་གི་ཆོ་ག་དང་ལས་རིམ་ལ་ངེས་ཆ་ཟབ་མོ་ཡོད་པ་ཞིག་ཡིན་དགོས་པ་རེད།
བོད་ཁམས་སྤྱི་ལ་བལྟས་ན་བླ་མ་གདན་དྲངས་ནས་གཡང་འབོད་པ་དང་། གྲྭ་བ་གདན་དྲངས་ནས་གཡང་འབོད་པ། བོན་པོ་གདན་དྲངས་ནས་གཡང་འབོད་པ། སྔགས་པ་གདན་དྲངས་ནས་གཡང་འབོད་པ། གྲོང་ན་ཡོད་པའི་ཆོས་བྱེད་མི་སྣ་གདན་དྲངས་ནས་གཡང་འབོད་པ། རང་གི་སྐྱབས་ཡུལ་དུ་གྱུར་བའི་གྲུབ་མཐའ་དེའི་ཆོས་བྱེད་མི་སྣ་གདན་དྲངས་ནས་གཡང་འབོད་པ་ཅི་རིགས་ཤིག་ཡོད་དོ། །གཡང་འབོད་ལ་མཁོ་བའི་གཡང་རྫས་ནི་ས་སྣ། ཆུ་སྣ། འབྲུ་སྣ། སྨན་སྣ། ཤིང་སྣ། ཇ་མར། ཀ་ར། བུ་རམ། སྦྲང་རྩི། འོ་མ། ཆང་། དར་སྣ། གོས་སྣ། གསེར་དངུལ་ཟངས་ལྕགས་དང་མུ་མེན་མུ་ཏིག་སོགས་རིན་པོ་ཆེའི་རིགས་གང་མང་དང་། མཆོད་ཀོང་། གཡང་སྒམ། གཡང་རྟེན། གཡང་དཀར་ལུག་བལ་འཁེལ་བས་འཕང་གཅིག ལས་འབྲས་ལེགས་ཉེས་བདེ་སྡུག་གསལ་བའི་མེ་ལོང་གཅིག བསམ་པ་དཀར་པོ་མཚོན་པའི་དུང་དཀར་གཅིག བླ་སྲོག་མི་འགྱུར་བརྟན་པར་མཚོན་པའི་བླ་གཡུ་ལྗང་ཁུ་གཅིག བསོད་ནམས་བྱུར་བུར་གཏམས་པའི་བྱུར་དམར་གཅིག ལུག་ཤ་ལག་གཡས་ལྷུ་ཚིག་ཚང་བ་དར་དམར་གྱིས་བརྒྱན་པ། ཕྱེ་མར། ཁྱི་ཕག་བོང་བུ་མ་གཏོགས་པའི་སྤུ་སྣ། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། རྒྱལ་སྲིད་སྣ་བདུན། རིན་ཆེན་སྣ་བདུན། ཉེ་བའི་རིན་ཆེན་བདུན། འབྲི་བརྒྱའི་མར་གྱིས་བརྒྱན་པའི་ལྷ་བཤོས། གཏོར་མ་སོགས་མཆོད་པའི་སྤྲིན་ཕུང་རྒྱ་ཆེ་བ་བཤམས་དགོས་པ་ཡིན་ཡང་། དེ་འདྲ་ཞིག་མི་འཛོམས་ཀྱང་རང་གི་ཆ་རྐྱེན་དང་བསྟུན་ནས་འཛོམས་ཚོད་དང་ནུས་ཚོད་ཞིག་མཆོད་སྒྲིག་བྱས་ཀྱང་ཆོག མཆོད་པའི་སྒྲིག་སྟངས་སམ་བཤམས་སྟངས་དེ་གཡང་འབོད་ཀྱི་དཔེ་ཆ་ལས་གསུངས་པ་ལྟར་དགོས་པས། གཡང་གི་དཔེ་ཆ་དང་ཡི་དམ་གྱི་ལྷ། ནོར་ལྷའི་རིགས་སོགས་མི་འདྲ་བའི་རྐྱེན་གྱིས་མཆོད་སྒྲིག་བྱེད་སྟངས་དེའང་གཅིག་གྱུར་ཞིག་མིན་ཏེ། རང་རང་གི་ཕྱག་ལེན་ལྟར་ཡོད་ཀྱང་། གཡང་འབོད་ཀྱི་ལས་དངོས་ལ་ཞུགས་དུས་ཨ་མཆོད་དེས་དམིགས་པ་རྒྱ་ཆེན་པོ་ཞིག་གི་སེམས་བསྐྱེད་དེ་ཆོ་གའི་འགོ་བཟུང་བ་དང་། བཀའ་སྒོ་དང་ཡི་དམ་གྱི་དབང་བསྐུར་བ་སོགས་བྱས་ཏེ། ཕྱོགས་བཞི་མཚམས་བརྒྱད་དང་སྟེང་འོག་ཀུན་ཏུ་གནས་པའི་ནོར་ལྷ་ཕྱོགས་སྐྱོང་རྣམས་བསྙེན་ཞིང་། ཕྱག་ལེན་གང་དེའི་བརྒྱུད་རིམ་ཆ་ཚང་བ་ཞིག་ལ་བརྟེན་ནས་གཡང་འབོད་བྱེད་པ་ཡིན། «ཕྱ་གཡང་ཤོར་འགུག་ཐུགས་རྗེ་ཉི་སྤྲུལ་པའི་ལྕགས་ཀྱུ་ཞགས་པ»ལས། “སྐྱེས་པ་ཕོ་ཡི་ཕྱ་དང་གཡང་ཤོར་བ། །མདའ་ལི་མར་ལྟོང་བཟང་དེ་ལ་ཤོར། །སྐར་མ་སྨིན་དྲུག་ཉིན་པར་ཤོར ། །”[18]ཞེས་སྐྱེས་པ་ཕོ་རྣམས་ཀྱི་གཡང་ཉམས་ཞིང་ཤོར་བ་དེ། གཞི་གང་ལ་ཤོར་བ་དང་གཟའ་སྐར་གང་ལ་འཁེལ་བ་སོགས་གསུངས་པའི་མུར། “སྐྱེས་པ་ཕོ་ཡི་ཕྱ་དང་གཡང་འགུག་པ། །མདའ་ལི་མར་ལྟོང་བཟང་དེ་ལ་འགུག །གཡུང་དྲུང་རི་རབ་གོང་ནས་འགུག །སྐར་མ་མགོ་ཡི་ཉིན་པར་ཤོར། །འགུག་ཀྱང་མགོ་ཡི་ཉིན་པར་འགུག །ཕོ་ལྷ་དགྲ་བླ་མཐུ་པོ་ཆེ། །སྐྱེས་པ་ཕོ་ཡི་ཕྱ་དང་གཡང་ཁུགས་ཅིག །”[19]ཅེས་གཡང་ཉམས་ཞིང་ཤོར་བ་དེ་སླར་མདའ་ལི་མར་ལྟོང་བཟང་དུ་གཟའ་སྐར་དེའི་ཉིན་མོར་བཀུག་སྟེ། ཕོ་ལྷ་དང་དགྲ་བླ་མཐུ་པོ་ཆེའི་གཡང་དེ་ཆོ་གའི་རིམ་པ་དང་འབྲེལ་ནས་སླར་གསོ་བ་རེད།
«གཡང་འབུམ་དཀར་པོ»ལས་གཡང་གི་གཏེར་མཛོད་ན“ཀྱེ་གཡང་འཁྱམས་པ་ཡོད་ན་དེ་རིང་བསྡུས། །གཡང་ཉམས་པ་ཡོད་ན་དེ་རིང་གསོ། །གཡང་གས་པ་ཡོད་དེ་རིང་སྦྱོར། །གཡང་རལ་བ་ཡོད་ན་དེ་རིང་གྲུབ། །གནམ་ལ་སྤྲིན་ཚོགས་གཏིབ་པ་ལྟར། །དེ་རིང་གཡང་གི་བྱིན་ཕོབས་དང་། །བར་སྣང་ཉི་ཟླ་ཤར་བ་ལྟར། །དེ་རིང་གཡང་གི་བྱིན་ཕོབས་དང་། །མཁའ་ལ་གཞའ་མཚོན་བཀྲ་བ་ལྟར། །དེ་རིང་གཡང་གི་བྱིན་ཕོབས་དང་། །སྤང་ལ་མེ་ཏོག་བཀྲ་བ་ལྟར། །དེ་རིང་གཡང་གི་བྱིན་ཕོབས་དང་། །མཚོ་ལ་དར་ཆེན་ཆགས་པ་ལྟར། ། དེ་རིང་གཡང་གི་བྱིན་ཕོབས་དང་། །རི་ལ་ཤ་རྐྱང་འཁོར་བ་ལྟར། །དེ་རིང་གཡང་གི་བྱིན་ཕོབས་དང་། །གངས་ལ་དུང་སེང་འཁོར་བ་ལྟར། །དེ་རིང་གཡང་གི་བྱིན་ཕོབས་དང་། །ཤིང་ལ་བྱི་ཆུང་འཚོག་པ་ལྟར། །དེ་རིང་གཡང་གི་བྱིན་ཕོབས་དང་། །”[20]ཞེས་གཡང་འཁྱམས་པ་དང་ཉམས་པ། གས་པ། རལ་བ་སོགས་གཡང་ཤོར་བའི་རིགས་བཞི་བསྟན་དེ། གཡང་དེ་མཚོན་བྱེད་དཔེ་དང་སྦྱར་ནས་སླར་འགུག་པའམ་གསོ་བ་དང་། གཡང་དཔེ་དེ་ན། གཡང་གི་བླ་འགུག་པ་དང་། གཡང་གི་བསྲུང་བཀོད། གཡང་གི་དབང་སྡུད་སོགས་ཀྱི་ཚན་པ་དུ་མ་ཞིག་ཡོད་པ་རྣམས་ཀྱི་བརྗོད་དོན་ནི། གཡང་ཉམས་པ་རྣམས་ཇི་ལྟར་གསོ་བ་དང་གསོས་པ་རྣམས་ཇི་ལྟར་བསྲུང་བ་སོགས་རྒྱས་པར་གསུངས་ཡོད།
མཐར་བཀྲ་ཤིས་ཀྱི་སྨོན་ཚིག་བཟླས་ཏེ་མཇུག་སྡུད་པ་ནི«བཀྲ་ཤིས»ལས། “མི་ཡི་བུ་ལ་བསོད་ནམས་ཚོགས་ཆེ་བ། །ཁ་ནས་ཅི་བཏབས་སྨོན་ལམ་འགྲུབ་པ་བཞིན། །ཀོང་ཙེ་འཕྲུལ་རྒྱལ་བཀྲ་ཤིས་གང་ལེགས་པ། །དེང་འདིར་གསལ་ཞིང་བསམ་དོན་འགྲུབ་པར་ཤོག །མི་ཚེ་མཐའ་རུ་ཕྱིན་པའི་བསོད་ནམས་དམ་པ་ལ། །སྔ་མ་ན་ཡང་སྲོག་གི་ལན་ཆགས་མེད། །བྲམ་ཟེ་མཚན་མཁན་བཀྲ་ཤིས་གང་ལེགས་པ། །དེང་འདིར་གསལ་ཞིང་སྐུ་ཚེ་རིང་པར་ཤོག །”[21]ཅེས་ཡོན་བདག་གང་དེར་བསོད་ནམས་འཕེལ་ཞིང་བསམ་དོན་འགྲུབ་པ་དང་། སྐུ་ཚེ་རིང་ལ་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་སྨོན་ལམ་བཏབ་པའི་མུར། “གནས་འདིར་བླ་མ་ཡི་དམ་རྣམས་ཀྱི་བཀྲ་ཤིས་ཤོག །དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག །བོན་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ལྷ་གཏེར་བདག་རྣམས་ཀྱི་བཀྲ་ཤིས་ཤོག །”[22]ཅེས་གཡང་འབོད་བྱེད་མཁན་གྱི་ཨ་མཆོད་རང་ཉིད་གྲུབ་མཐའ་གང་ཡིན་པ་དེའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། བོན་སྐྱོང་སྲུང་མ་ཡུལ་ལྷ་གཏེར་བདག་རྣམས་ལ་བཀྲ་ཤིས་སྨོན་ལམ་བཏབ་པའི་མཐར། “སྨོན་ལམ་འདི་བཏབ་དགེ་བའི་མཐུ་དཔལ་གྱིས། །ནད་མུག་མཚོན་གྱི་བསྐལ་བ་ཞི་བ་དང་། །དཔལ་འབྱོར་བསོད་ནམས་ཕུན་སུམ་ཚོགས་པ་ཡིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སངས་རྒྱས་བསྟན་པ་རབ་དར་ནས། །སེམས་ཅན་དཔལ་འབྱོར་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུའི་རྒྱ་མཚོ་ལྟར། །དུས་རྣམ་རྟག་ཏུ་བཀྲ་ཤིས་ཤོག །”[23]ཅེས་སྨོན་ལམ་འདིས་དགེ་བའི་མཐུ་ལ་བརྟེན་ནས་ནད་ཡམས་མུ་གེ་དང་མཚོན་གྱི་འཐབ་རྩོད་ཞི་བ་དང་། བསྟན་པ་དར་ཞིང་རྒྱས་ལ་སེམས་ཅན་རྣམས་དཔལ་འབྱོར་འཕེལ་ཞིང་རྟག་ཏུ་བཀྲ་ཤིས་བདེ་ལེགས་འབྱུང་པའི་སྨོན་ལམ་གྱིས་སེམས་བསྐྱེད་པ་ཡིན་ལ། བཀྲ་ཤིས་སྨོན་ཚིག་ནི་ཆོ་གའི་མཇུག་ཏུ་གསུངས་པ་ཡིན་པས། ཆོས་པ་རང་ཉིད་གྲུབ་མཐའ་གང་དང་བླ་མ་གང་གི་ཕྱག་ལེན་ཡིན་པ་ལྟར་གསུང་བཞིན་ཡོད་དོ། །
དྲུག་པ། དམིགས་བསལ་གྱི་མཆོད་རྫས་འགའ།
༡ གཡང་མདའ།
གཡང་གི་ཆོ་ག་སྒྲུབ་དུས་གཡང་མདའ་ཞེས་དར་མཚོན་སྣ་ལྔ་སྤྲས་པའི་མདའ་ཞིག་དགོས་པ་ནི། མདའ་དང་འཕང་གཉིས་ཕོ་མོ་གཉིས་ཀྱི་མཚོན་བྱེད་ཡིན་ཏེ། ཕོའི་ལག་ཆ་གཙོ་བོ་མདའ་དང་མོའི་ལག་ཆ་གཙོ་བོ་འཕང་ཡིན་པས། ཕོ་སྐྱེས་རྣམས་ཀྱིས་འཕང་མི་འཁེལ་བ་དང་། མོ་སྐྱེས་རྣམས་ཀྱིས་མདའ་བཟུང་ནས་ལས་མི་བྱེད་པ་རེད། མདའ་ཡི་རིགས་ལ། མཚོན་ཆའི་མདའ་དང་གཡང་མདའ། རྟེན་མདའ་དང་ཚེ་མདའ་སོགས་ཡོད། «མདའ་དང་འཕང»ལས་བོན་ལུགས་ཀྱི་ཆོ་གའི་སྐོར་གྱི་ཚན་པ་དེ་ན། མདོ་དྲི་མེད་གཟི་བརྗིད་ལས་དྲངས་པའི་གཏམ་རྒྱུད་ཅིག་བཀོད་པ་ནི། “ངམ་གྱིས་མཚོན་ཆ་རིགས་མི་འདྲ་བ་དུ་མ་བཟོ་བ་ཡིན་ཞིང་བཟོ་ཁང་ནང་གི་མེ་ལྕེ་ཕྱིར་ཕྱུང་བས་ངམ་གྱི་མུན་པ་སེལ། ངམ་གྱི་ནག་མུན་ལས་བྱུང་བའི་རླངས་པ་དག་ལས་སྤྲིན་པ་ཆགས། དྲག་ཆར་གྱིས་ཐ་ན་ཞྭ་མོ་ཡང་མེད་པའི་བལ་གྱིས་བྱས་པའི་ཞྭ་མོ་ཞིག་བཟོས། ངམ་རྗེ་རྩོལ་པོས་ཡེ་རྗེའི་སྤྱན་ལ་དམིགས་ནས་མདའ་ཞིག་འཕང་ཡང་དེ་ཡེ་རྗེའི་སྤྱན་ལ་མ་ཕོག་པར་ཞྭ་ལ་ཕོག་དུས་དེ་ནས་བཟུང་མདའ་དེ་ནི་བཀྲ་ཤིས་པའི་མཚོན་བྱེད་དུ་བརྩི་བའི་སྲོལ་བྱུང་ལ། དེ་ཡི་ཐོག་ཏུ་ད་དུང་དར་གོས་དུམ་བུ་གཅིག་དང་དངུལ་གྱི་མེ་ལོང་གཅིག་ཀྱང་སྒྲོག་སྲོལ་ཡོད་པ་མ་ཟད། ……”[24]ཅེས་མདའ་དེ་བཀྲ་ཤིས་པའི་མཚོན་བྱེད་དུ་གྱུར་ཚུལ་དང་དར་གོས་དང་མེ་ལོང་གིས་བརྒྱན་པ་གསལ་བར་བཀོད་པ་འདི་ནི། གཡང་མདའ་དང་དོན་འདྲ་བར་མ་ཟད་རྣམ་པའང་འདྲ་བའི་ཕྱིར་ན་དཔྱད་ཡིག་རྣམས་ལས་ཆེས་སྔ་བ་དེ་ཡིན་པར་སྙམ། རྗེས་སུ་རིག་གནས་འཕེལ་བའི་གོ་རིམ་དང་འབྲེལ་ནས། གཡང་མདའ་ལ་དར་མཚོན་སྣ་ལྔའི་དར་ཞིག་འཇོག་པ་ནི་ཡེ་ཤེས་ལྔ་ཡི་མཚོན་བྱེད་དང་། རྣམ་པ་དར་དཀར་ཀྱི་རིགས། ངོ་བོ་ཡེ་ཤེས་ལྔ་ཡིན་ལ། ཡེ་ཤེས་ལྔ་ནི། ཆོས་དབྱིངས་ཡེ་ཤེས། མེ་ལོང་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས། རྣམ་པ་དེ་དག་མཚོན་བྱེད་དང་། ངོ་བོ་ལྷའི་ཐུགས་ཡིན་ལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཐུགས་ཀྱིས་མི་འདོར་བའི་མཚོན་བྱེད་དུ་དར་མཚོན་སྣ་ལྔ་འདོགས་པར་བཞེད་པ་ཞིག་དང་། གཞན་ཡང་རྒྱལ་བ་རིགས་ལྔ་མཚོན་པ་སྟེ། ཤར་རྡོ་རྗེ་སེམས་དཔའ་དཀར་པོ་དང་། ལྷོ་རིན་ཆེན་འབྱུང་ལྡན་སེར་པོ། ནུབ་སྣང་བ་མཐའ་ཡས(འོད་དཔལ་མེད)དམར་པོ། བྱང་དོན་ཡོད་གྲུབ་པ་ལྗང་ཁུ། དབུས་རྣམ་པར་སྣང་མཛད་སྔོན་པོ་ཡིན་པར་བཞེད་པ་ཞིག་དང་། འབྱུང་བ་ལྔའི་ཁམས་མཚོན་པར་བཞེད་པ་བཅས་གསུམ་ཡོད།
མདའ་ཤིང་ནི་སྦ་དང་སྨྱུག་མའི་བཅའ་བ་ཡིན་ལ། སྨྱུག་མ་ཡིན་ན་ཚིག་ལྔ་ནས་བཅུ་གསུམ་བར་བཅའ་བ་འབྲེལ་ཡོད་ཡིག་ཆ་ལས་གསུངས་ནའང་། མདའ་ཆུང་ངུ་བཀོལ་སླ་བ་འཁྱེར་བདེ་བ་ཁྱིམ་ནང་དུ་འཇོག་པ་ཞིག་ཡིན་པ་ཚང་མ་གཅིག་མཚུངས་རེད། མདའ་རྟིང་ནི་རྩེ་མོ་དང་ལྡན་པ། དེའི་མགོར་སྨྱུག་མ་གསར་སྐྱེས་ཡག་པ་ཁྲི་གང་ཡོད་མེད་ཅན་འགའ་དང་ལོ་ཕུད་ཅན་གྱི་སྙེ་མ་བཟང་པོ། ཤིང་མཆོག་ཤུག་པ་སོགས་ཀྱིས་བརྒྱན་ཡོད་མེད་གཉིས་ཀ་དང་། དར་མཚོན་སྣ་ལྔའི་དར་གྱི་གོང་དུ་རྒོད་སྒྲོའི་བརྒྱན་པ་ཡིན་ལ། རྒོད་བར་སྣང་དུ་ལྡིང་འཁོར་བྱེད་པ་ཡིན་པས་མཁའ་ཡི་གཡང་དེ་འགུག་པའི་དོན་མཚོན་པར་བཤད། མེ་ལོང་ཞིག་དགོས་པ་ནི་ཡེ་ཤེས་ལྔ་མེ་ལོང་ནང་འཆར་ཐུབ་པའི་རྒྱུ་མཚན་གྱིས་དང་། ལས་འབྲས་མེ་ལོང་དུ་གསལ་བའི་རྒྱུ་མཚན་ཡིན་པར་བཞེད་ལུགས་གཉིས་ཡོད་ལ། དུས་རྒྱུན་འབྲུ་རིགས་བླུགས་པའི་སྒམ་ནང་འཇོག་པ་དང་། ཤིང་གིས་བཟོས་པའི་བྲེ་ནང་དུ་འབྲུ་རིགས་བཀང་བྱས་པའི་སྟེང་བཙུགས་ཏེ་མཆོག་ཁང་ནང་འཇོག་པ་དང་། ཡང་ན་གྲལ་མགོའི་སྟེགས་ཐེམ་ཐོག་དང་། འཆའ་སྒམ་གྱི་སྟེང་ངམ་ཅུང་མཐོ་བའི་གནས་སུ་འཇོག་པ་རེད།
༢ གཡང་དར།
གཡང་དར་ཞེས་པའི་དར་འདི་གཡང་མདའ་ལ་མེད་དུ་མི་རུང་བའི་རྫས་ཁྱད་པར་ཅན་ཞིག་ཏུ་བརྩི་བར་མ་ཟད། དར་དེ་ནི་སྤྱིར་དཀར་པོ་དྲི་མ་མེད་པ་སྲིད་དུ་རིང་བ་ཞིག་དགོས། ད་ལྟ་མང་ཆེ་བས་ཁ་བཏགས་དཀར་པོ་ཞིག་གི་སྣེ་མོ་གཅིག་གཡང་མདའི་རྩེ་ལ་འདོགས་པ་དང་། སྣེ་མོ་ཡ་གཅིག་དར་མཚོན་སྣ་ལྔ་དང་ལྷན་དུ་ཐུར་དུ་དཔྱངས་ཡོད་པ་ཞིག་རེད། «གཡང་འབུམ་དཀར་པོ»ལས་གཡང་སྡུད་ཆེན་མོའི་ཚན་པ་ན“འདོད་པ་དགུ་འགྱུར་གཡང་གསས་ཀྱི། །ཕྱུག་པོ་རྣམས་ཀྱི་མཛོད་ནང་ནས། །ཕྱུག་གཡང་བསྡུས་ལ་གནས་འདིར་བྱོན། །གཡབ་ནི་མདའ་དང་དར་གྱིས་གཡབ། །བྱོན་ནི་ཕུད་དང་རྟེན་ལ་བྱོན། །ཁུ་ཡེ་ཕྱ་དང་གཡང་ཕོབ་(ཕོབས) དང་། །གཙུག་ན་རིན་ཆེན་གཡང་གསས་ཀྱིས། །ཀླུ་ཡི་ཕོ་བྲང་མཛོད་ནང་ནས། །ཆུ་རྟ་ཆུ་ལུག་ཆུ་གླང་དང་། །ཀླུ་གཡང་བསྡུས་ལ་གནས་འདིར་བྱོན། །གཡབ་ནི་མདའ་དང་དར་གྱིས་གཡབ། །བྱོན་ནི་ཕུད་དང་རྟེན་ལ་བྱོན། །ཁུ་ཡེ་ཕྱ་དང་གཡང་ཕོབ་(ཕོབས) དང་། །འཛམ་བྷ་ལྷ་ཡི་གཡང་གསས་ཀྱིས། །ཕྱུག་པོ་བགོར་(དཀོར)གྱི་མཛོད་ནང་ནས། །བགོར་(དཀོར)མཛོད་བསྡུས་ལ་གནས་འདིར་བྱོན། །གཡབ་ནི་མདའ་དང་དར་གྱིས་གཡབ། །བྱོན་ནི་ཕུད་དང་རྟེན་ལ་བྱོན། །ཁུ་ཡེ་ཕྱ་དང་གཡང་ཕོབ་(ཕོབས) དང་། །གནམ་ཐོས་སྲས་ཀྱི་གཡང་གསས་ཀྱིས། །ཕྱུག་པོ་འབྲུ་ཡི་མཛོད་ནང་ནས། །འབྲུ་གཡང་བསྡུས་ལ་གནས་འདིར་བྱོན། །གཡབ་ནི་མདའ་དང་དར་གྱིས་གཡབ། །བྱོན་ནི་ཕུད་དང་རྟེན་ལ་བྱོན། །ཁུ་ཡེ་ཕྱ་དང་གཡང་ཕོབ་ (ཕོབས) དང་། །”[25]ཞེས་ནོར་གྱི་གཏེར་མཛོད་དེ་དག་ལས་གཡང་གི་དངོས་གྲུབ་བསྡུས་ལ་ཡོན་བདག་གང་དེར་སྩོལ་བར་བསྐུལ་བ་དང་། དངོས་གྲུབ་དེ་ཡང་ཨ་མཆོད་ཀྱི་ཕྱག་ཏུ་གཡང་གི་མདའ་དར་བཟུང་ཏེ་གཡང་འགུག་གི་མཚམས་སུ་མདའ་དར་གཡས་སུ་བསྐོར་ནས་གཡང་འབོད་པའམ་བསྡུ་བ་ནི་གཅིག་མཚུངས་ཡིན་ནོ། །
༣ གཡང་རྟེན།
གཡང་འབོད་བྱེད་སྐབས་གཡང་རྟེན་ནི་མེད་དུ་མི་རུང་ལ། རྟེན་ཞེས་པ་ནི་གཡང་ངམ་གཡང་གི་ལྷ་རྣམས་དེ་ལ་བརྟེན་ནས་དབབ་པའི་རྟེན་གཞིའམ་གནས་ཡུལ་ལྟ་བུ་ཞིག་ཏུ་གོ་བ་ཡིན། གཡང་རྟེན་ལ་དར་ཚོན་སྣ་ལྔ་དང་གཡང་སྒམ། རིན་ཆེན་སྣ་ལྔ་སོགས་ཅི་རིགས་ཡོད་ནའང་། «གཡང་འབུམ་དཀར་པོ»ལས་གཡང་གི་རྟེན་ལ“ལྷ་གཞིའི་སྟེང་དུ་སྔོན་མོ་ནས་ཀྱི་ཚོམ་བུ་བཀོད་ལ། ལྷ་གསས་རྟེན་དུ་ཕྱེ་མར་བཅའ།”[26]ཞེས་གཡང་རྟེན་ལ་ཕྱེ་མར་བཅའ་བར་གསུངས་པ་དང་། ཕྱེ་མར་ཞེས་པའི་བཅའ་སྟངས་ནི་རེབ་གོང་ཡུལ་དུ་མཚོན་ན། ཤིང་སྡེར་ཞབས་སྟེགས་མ་ཞིག་ཆེད་དུ་བཟོས་ཡོད་པའི་སྟེང་ལ། དཀར་ཡོལ་གཙང་མ་ཞིག་གི་ནང་དུ་རྩམ་པ་སྲ་མོ་གང་བཅུས་པ་དང་། དེ་ནས་ལག་པ་ཟུང་གིས་ཤིང་སྡེར་དང་ཁ་སྦྱོར་ཡག་པོ་བྱས་ཏེ་ཡུད་ཙམ་མནོན་པ་དང་། དེ་རྗེས་དཀར་ཡོལ་དེ་སེམས་ཆུང་ངང་ཡར་བླངས་པ་ན། དེའི་ནང་གི་རྩམ་པ་རྣམས་དཀར་ཡོལ་གྱི་ཚུགས་ཀ་ལྟར་གོང་བུ་གཅིག་ཏུ་དྲིལ་ནས་ཡོད་པ་དང་། དེའི་ཐོག་ལ་མར་ཕུད་གསར་བའི་ཉི་ཟླས་མཛེས་པར་བརྒྱན་པ་དང་། ཡང་ན་མར་ཕུད་གསར་བ་ལེབ་མོ་རེར་སྟེང་དང་ཕྱོགས་བཞི་ལ་ལེགས་པར་བཞག་སྟེ། སེམས་ཆུང་ངང་མདུན་གྱི་མཆོད་སྟེགས་སུ་བཤམས་ནས་འཇོག་པ་ཞིག་རེད།
བདུན་པ། མཇུག་བསྡུ་བ།
གཡང་འབོད་ཅེས་པའི་ཐ་སྙད་ལ་བོན་ལུགས་ཀྱི་འབྲེལ་ཡོད་ཡིག་ཚང་དུ་གཡང་འགུགས་དང་། གཡང་བླན། གཡང་ལེན། གཡང་ལྡོན་སོགས་བྱུང་ནའང་། ད་ལྟ་དམངས་ཁྲོད་དུ་དར་ཁྱབ་ཆེ་བ་ནི་གཡང་འབོད་ཅེས་པ་རེད། རིག་གནས་འདི་ནི་གནའ་རབས་བོད་མིའི་བསམ་བློའི་རྒྱུན་དང་འབྲེལ་ནས་ཐོག་མར་སྨྱུ་གུ་འབུས་པ་དང་། བར་དུ་སྟོན་པ་གཤེན་རབ་མཆོག་གིས་རིག་གནས་དེའི་མ་ལག་ཆ་ཚང་ལ་གཏིང་ཟབ་པའི་སྒོ་ནས་ཡལ་འདབ་ཡོངས་སུ་རྒྱས་པར་བཅུག་སྟེ་བོད་མིའི་དད་མོས་དང་གཞི་གཅིག་ཏུ་འདྲེས་པར་གྱུར་བ་དང་། རྗེས་སུ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོས་དེང་ལེན་བྱས་ཏེ་རང་གི་ཆོས་རྒྱུན་གང་དེའི་ཁྱད་ཆོས་དང་སྦྲེལ་ནས་དར་སྤེལ་བཏང་བ་རེད། དེ་ལྟར་དར་སྤེལ་དུ་གཏོང་དགོས་དོན་ནི། རིག་གནས་འདིའི་བརྗོད་བྱ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་སྟེ། དེ་ནི་ཚེ་འདིའི་དབང་ཐང་རྒྱས་ཤིང་རླུང་རྟ་དར་བ་དང་། འདོད་དོན་འགྲུབ་ཞིང་རྒྱུ་ནོར་འཕེལ་བ། ཚེ་ཡི་བར་ཆད་བཟློག་ཅིང་བདེ་སྐྱིད་ཐོབ་པ། ཕུན་ཚོགས་འདོད་དགུའི་གཡང་ཐམས་ཅད་འགུག་པའམ་བསྡུ་བ་ལ་མཆོག་ཏུ་ཕན་པའི་རིམ་གྲོ་ཞིག་ཏུ་འདོད་པས་ན། ང་ཚོ་བོད་པ་སུ་ཡིན་ཡང་འདོད་པའི་དོན་ཐམས་ཅད་ལེགས་འགྲུབ་ཡོང་བའི་ཐབས་སུ་གཡང་འབོད་དང་གཡང་སྒྲུབ་ཀྱི་ཆོ་ག་སྤེལ་ནས་རིམ་གྲོ་བྱེད་པར་མ་ཟད། མི་ཚེའི་དོན་ཆེན་གཙོ་བོ་སྟེ། གཉེན་སྒྲིག་པ་དང་། ཚེ་འཕོས་སྟེ་འདས་མཆོད་བསྒྲུབ་པའི་གོ་རིམ་ཁྲོད་དུའང་གཡང་འབོད་བྱེད་པ་ཡིན། དེ་ཡང་རེབ་གོང་ཧོར་སྙན་བཟང་ཡུལ་དུ་བག་མ་སློང་བ་དང་གཉེན་རྟགས་སོགས་སྔོན་གྱི་སྟ་གོན་རྣམས་གྲུབ་ནས་བུ་མོ་སྐྱེལ་བའི་དུས་སུ་སླེབས་པ་ན། ཉིན་དེར་གཉེན་ཉེ་དུ་དང་རང་གི་ཁ་ཡ་ན་ཟླ་ཚང་མ་བུ་མོ་དེའི་ཁྱིམ་ལ་འདུས་ནས་བག་སྐྱེལ་བྱེད། མག་གསར་དང་མག་རོགས་གཉིས་ཀྱིས་རྒྱན་གོས་གསར་བའི་གཟབ་ཆོར་སྤྲས་ཏེ་ས་སྲོད་ཀྱི་དུས་སུ་ངེས་པར་དུ་བག་མའི་ཁྱིམ་ལ་ཐོན་དགོས་པ་དང་། དགོང་མོར་གླུ་ལེན་གར་རྩེ་སོགས་ལ་རོལ་ནས་མཇུག་རྫོགས་པ་ན། སང་ནང་མོར་སྐྱ་རེངས་མ་ཤར་གོང་དུ་བག་གསར་སྐྱེལ་གྲབས་བྱེད་ལ། སྡེ་བའི་ཕྱི་ནང་ཐག་རིང་ཐུང་གང་ལ་སྐྱེལ་ནའང་སྐྱ་རེངས་མ་ཤར་གོང་དུ་སྐྱེལ་དགོས། དེ་ནི་རྟེན་འབྲེལ་བཟང་པོ་ཞིག་འཛོམ་ཆེད་ཡིན་ལ། བག་གསར་རང་ཁྱིམ་ནས་སྒོར་བུད་དེ་གཉེན་ཚང་གི་ཁྱིམ་ལ་མ་ཐོན་པའི་ལམ་བར་དུ་ཟོ་སྟོང་དང་སྣོད་སྟོང་ཁྱེར་མཁན་དང་འཕྲད་ན། བཀྲ་མི་ཤིས་པར་མཐོང་བས། ཐན་ལྟས་འདི་དག་གཡོལ་ཆེད་ཡིན་པར་བཤད། ཡིན་ཡང་ནངས་མོ་དེར་ཨ་ཞང་ཚང་གིས་རང་གི་རུས་དབོན་དེ་གདན་དྲངས་ནས་གཡང་འབོད་བྱེད་ཅིང་། འདི་ནི་ཡུལ་མི་ཚོས་བཤད་ཚུལ་ཞིག་ལ། བུ་མོ་གནས་ལ་འགྲོ་ཉིན་གཡང་འབོད་མ་བྱས་ན་ཕ་ཁྱིམ་གྱི་གཡང་ཐམས་ཅད་བུ་མོའི་རྫོངས་པ་སོགས་དང་འགྲོགས་ནས་གཉེན་ཚང་ལ་ཆས་འགྲོ་བར་འདོད་པ་རེད། «བྱང་འབྲོང་གི་ལམ་ཡིག»ཏུ་ནག་ཆུའམ་བོད་བྱང་འབྲོག་གི་གཉེན་སྲོལ་བཀོད་པ་ལས། “དེ་ནས་བག་སྐར་དགེ་བའི་ཉིན་ལ་བག་མ་རང་གི་ཁྱིམ་ནས་ཐོན་ཏེ། བུ་མོ་དེ་སྦྲའི་སྒོ་ནས་ཕྱིར་འཐོན་རན་པའི་སྐབས་སུ་བུ་མོ་དེའི་མས་སྐད་ཆུང་ངུའི་སྒོ་ནས་བུ་མོའི་མིང་ནས་ལན་གསུམ་བོས་ཏེ་ན་རེ། མི་གཡང་མི་ལ་མ་ཁྱེར་ཨ་མ་རང་ལ་ཞོག སྐྱིད་ཉི་མ་གཉིས་ཀ་ཁྱོད་ཀྱིས་ཁྱེར།” [27]ཞེས་བརྗོད་པ་དང་། དཔའ་ལུང་ཡུལ་དུ་དར་བའི་དམངས་སྲོལ་ཞིག་ལ་བུ་མོའི་གཉེན་སྟོན་གྱི་ཉིན་དེར་བུ་མོའི་ཨ་མ་གཉེན་ཚང་གི་སྟོན་ཐོག་ཏུ་མི་འགྲོ་བར་རང་ཁྱིམ་དུ་འདུག་དགོས་པ་རེད། དེ་ནི་ཉིན་དེར་ཁྱིམ་ཚང་གི་གཡང་མཐའ་དག་ཨ་མར་འཁོར་ཡོད་པས་ཨ་མ་གཉེན་ཚང་གི་སྟོན་ཐོག་ཏུ་སོང་ན་རང་ཁྱིམ་གྱི་གཡང་མཐའ་དག་ཁྱེར་འགྲོ་བར་འདོད་པ་ཡིན། གཉེན་སྟོན་མཇུག་རྫོགས་ཏེ་ཉིན་བཟང་སྐར་བཟང་ཞིག་ལ་བུ་མོ་གཉེན་ཚང་དུ་ཨ་མས་བསྐྱལ་འགྲོ་བ་སོགས་ལས། གཉེན་གྱི་ཆོ་ག་འདིར་གཡང་གི་རིག་གནས་ཀྱི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་མཚོན་ནོ། །
མི་ཞིག་ཚེ་ལོ་མཐར་ཕྱིན་ཏེ་སྐུ་བཀྲོངས་པ་ཡིན་ན་འདས་མཆོད་སྐབས་སུ་གཡང་འབོད་བྱེད་པ་ཡིན་ལ། གཙོས་ཚོ་བ་ཉེར་གཅིག་ཅེས་གྲགས་པའི་ཡུལ་ཁམས་འདིར་ལོ་ན་རྒན་གྲས་སུ་ཆགས་པའི་མི་ཞིག་ཚེ་ལས་འདས་པ་ཡིན་ན། སྐར་མ་མ་ཕུད་པའི་སྔ་རོལ་དུ་དགེ་སློང་བཞི་སྡེ་ཞིག་གིས་གཡང་འབོད་བྱེད་པ་དང་། ཐོ་རེངས་སུ་སྐར་མ་ཕུད་རྗེས་ཀྱི་བེམ་པའི་ཤུལ་དུ་གཡང་འབོད་བྱེད་ཀྱི་གཡང་མདའ་འཇོག་པ་དང་། དེ་རྗེས་དགེ་སློང་རྣམས་དུར་ཁྲོད་དུ་ཕེབས་ནས་བེམ་པོ་ལ་འཁྲུས་མཆོག་བསྐུར་བ་ཡིན། གཡང་མདའ་དེའང་བེམ་པོའི་ཤུལ་དུ་ཉིན་བདུན་ལ་འཇོག་པ་རེད། རེབ་གོང་བྱང་རྒྱུད་དུ་ཕ་མ་སྐུ་བཀྲོངས་པ་ཡིན་ན་གཡང་འབོད་བྱེད་དགོས་པ་དང་། དེ་ནི་ཕ་མ་གྱ་རྒན་སླ་ངའི་ཁ་ལེབ་ཡིན་ཞེས་པའི་བཤད་རྒྱུན་ཡོད་པ་དང་། བདུན་ཕྲག་གཅིག་གམ་ཡང་ན་སྐར་མ་ཕྱིར་ཕུད་བར་དུ་རུས་དཔོན་གྱིས་གཡང་འབོད་བྱེད་དགོས་ཞེས་ཧོར་སྙན་བཟང་ཁྱུང་བོ་སྡེ་བའི་དབོན་ལྷ་མཁར་ཡག་གིས་བཤད། འདི་དག་ལས་ལོ་ན་བགྲེས་པའི་རྒན་པ་དག་གི་འདས་མཆོད་དུ་གཡང་འབོད་བྱེད་པ་ཡིན་ལ། དེ་ནི་ལོ་ན་བགྲེས་པའི་རྒན་པོ་རྣམས་ལ་བསོད་ནམས་ཀྱི་གཡང་ཆགས་པར་འདོད་པས། གཡང་དེ་གཡང་འབོད་ཀྱི་ཆོ་ག་དང་འབྲེལ་ནས་ཕྱིར་རང་ཁྱིམ་དུ་མ་བསྡུས་ན། ཁྱིམ་ཚང་དེར་རྒན་པོ་འདས་སོང་གི་རྗེས་ནས་གཡང་ཁ་ཤོར་ཏེ་གོད་ཆགས་འབྱུང་བར་སྙམ་པ་ཡིན།
མདོར་ན་གཡང་འབོད་ཀྱི་རིག་གནས་འདི་ནི། བོད་མིའི་བསམ་བློའི་རྒྱུན་དང་འབྲེལ་ནས་བྱུང་སྔ་ལ། རིག་གནས་ཀྱི་ཁྱབ་ཁོངས་རྒྱ་ཆེ་ལ་བརྗོད་དོན་གཏིང་ཟབ་པ། མི་རྣམས་ཀྱི་འདོད་པའི་ཕུན་ཚོགས་སྒྲུབ་པ་དང་དེ་ལ་གནོད་པའི་བགེགས་རྣམས་སེལ་བ་ལ་མཆོག་ཏུ་ཕན་པའི་རིག་གནས་དམིགས་བསལ་བ་ཞིག་ཡིན་པས་བོད་ཡུལ་དུ་དར་བའི་ཆོས་ལུགས་གྲུབ་མཐའ་ཡོངས་ཀྱི་སྲོག་ཏུ་ཞུགས་པ་དང་། སྤྱོད་སྒོ་ཆེ་ཞིང་དམིགས་བྱ་བདེ་ལྡན་ཕྱུག་འགྱུར་སོགས་ཀྱི་འདོད་དོན་སྣ་ཚོགས་པ། ཀུན་ཡིད་དད་ཅིང་དོན་དུ་གཉེར་བའི་རིག་གནས་ཁྱད་པར་བ་ཞིག་ཡིན་ནོ། །
དཔྱད་རྩོམ་འདི་ནི་༢༠༡༩ལོའི་ཟླ་༤པར་སི་ཁྲོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཐེངས་བཅུ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྟེང་ནས་རིག་གཞུང་བསམ་བློ་བརྗེ་རེས་ཀྱི་འབྲས་རྟགས་སུ་ཕུལ་ནས་སྒྲོགས་འདོན་བྱས་པ་དང་། དེ་གའི་དཔྱད་རྩོམ་ཕྱོགས་བསྒྲིགས་སུའང་བཀོད་ཡོད།