མཉམ་སྡེབ་དཔལ་འབྱོར་སྟོབས་ཆེ་བ།། གྲོང་གསེབ་འཕེལ་བའི་གཞི་མ་ཡིན།།

བློ་བདག རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 05-09



འཛམ་ཐང་རྫོང་འཛམ་ཐང་བར་མ་གྲོང་རྡལ་འཛམ་ཐང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

        ད་ལོའི་ལོ་སྟོད་དུ། རྒྱལ་ནོར་ཀུང་སིས་མཉམ་ལས་ཁང་ནས་སྒོར་ཁྲི་10ལྷག་གི་ཐོན་རྫས་མངགས་ཉོ་བྱས་ཡོད། ཅེས་འཛམ་ཐང་རྫོང་འཛམ་ཐང་བར་མ་གྲོང་རྡལ་འཛམ་ཐང་གྲོང་སྡེའི་ཛམ་བྷ་ལའི་རོང་འབྲོག་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དུ་སྡེ་བའི་ཧྲུའུ་ཅི་དང་པོ་ཀྲན་ཡའོ་ཡིས་དགའ་སྤྲོའི་ངང་ཡོང་འབབ་ལ་རྩིས་རྒྱག་བཞིན་འདུག

        འཛམ་ཐང་གྲོང་སྡེ་ནི་འཛམ་ཐང་བར་མ་གྲོང་རྡལ་གྱི་ཇོ་ནང་རིག་གནས་ལྟེ་གནས་ཀྱི་ལྟེ་བའི་ཁུལ་དུ་གནས་པ་དང་ཆ་སྙོམས་མཚོ་འཕགས་སྨི་3500ལྷག་ཟིན་ཡོད། དེ་ནི་འཛམ་ཐང་རྫོང་གི་མཚོ་འཕགས་མཐོ་ཤོས་ཀྱི་ཕྱུགས་ལས་གྲོང་སྡེའི་ཡ་གྱལ་ཡིན་པ་དང་། གྲོང་སྡེ་ཡོངས་ཀྱི་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་24.26དང་ས་ཞིང་རྒྱ་ཁྱོན་མུའུ་99ཡོད་པ་དང་ས་ཞིང་དཀོན་པོ་ཡིན། དེ་སྔོན་སྲོལ་རྒྱུན་གྱི་ཕྱུགས་ལས་སྤེལ་སྟངས་ཀྱིས་གྲོང་སྡེ་དེའི་ཞིང་ཕྱུགས་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་ནས་སྨན་རྩྭ་བརྐོ་རྒྱུ་དང་ཕྱིར་ཞོར་ལས་ལ་འགྲོ་རྒྱུ་ནི་གྲོང་མིའི་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོ་རེད། ཇི་ལྟར་བྱས་ནས་གྲོང་མིར་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་བྱ་རྒྱུ་ནི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་མདུན་དུ་འཕྲད་པའི་དོན་ཆེན་དང་པོ་རེད།

        འཛམ་ཐང་གྲོང་སྡེར་དམིགས་བསལ་གྱི་ས་བབ་ལེགས་ཆ་ལྡན་ཡོད་པས་ལྗོངས་སྐོར་ཐོན་རྫས་འཕེལ་རྒྱས་ཐད་ལ་ཤུགས་འདོན་པར་བསམ་བློ་བཏང་ཆོག་པ་རེད། གྲོང་སྡེ་དེས“རོང་འབྲོག་མང་ཚོགས་མཚན་སློབ”དང་། མང་ཚོགས་ཚོགས་ཆེན། གྲོང་སྡེའི་ལས་བྱེད་པ་བཅས་ཀྱི་ཚོགས་འདུའི་ཐོག་གྲོས་བསྡུར་ཐེངས་མང་བྱས་པ་དང་ཐབས་ལམ་མང་པོའི་ཐོག་ནས་བརྟག་ཞིབ་བྱས་པ་བརྒྱུད་གྲོང་སྡེའི་མཉམ་ལས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་གཞི་བཟོས་ནས་གྲོང་མིའི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཕྱུགས་ལས་ཐོན་རྫས་ལས་སྣོན་དང་ཁྱད་ལྡན་ཞིང་ལས་ཐོན་རྫས་གཙོ་བོར་བྱེད་པའི་མཉམ་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱས། 2018ལོའི་ཟླ་6པར་ཛམ་བྷ་ལའི་ཞིང་ཕྱུགས་ཐོན་རྫས་ཆེད་ལས་མཉམ་ལས་ཁང་དེ་འཛམ་ཐང་གྲོང་སྡེར་བཙུགས།

        ང་ཚོ་ཁྲེང་ཏུའུ་ཡི་ཟས་རིགས་ལས་སྣོན་བཟོ་གྲྭ་མང་པོར་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་སོང་སྟེ་གྲོང་མི་སྒྲིག་འཛུགས་བྱས་ནས་གྲོས་བསྡུར་བྱས་ཏེ་གྲོང་མིའི་འདུ་ཤེས་རིམ་བཞིན་འགྱུར་ལྡོག་བཏང་བས་གྲོང་སྡེའི་ནང་གི་མཉམ་ལས་ཁང་དང་པོ་དེ་བཙུགས་ནས་ཐོན་ལས་འཕེལ་རྒྱས་ཀྱི་གོམ་སྟབས་དང་པོ་སྤོས་ཡོད། ཅེས་འཛམ་ཐང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཙེ་པན་གྱིས་མཉམ་ལས་ཁང་བཙུགས་པའི་དུས་མགོའི་རྣམ་པར་ཕྱིར་དྲན་བྱེད་ཞོར་དུ་བཤད།

        ཐོན་རྫས་བཟོས་ནས་ཐུམ་སྒྲིལ་རྒྱག་པ་དང་ཕྱིར་ཚོང་བྱེད་པའི་བར་ང་ཚོ་དཀའ་ངལ་མང་པོར་འཕྲད་བྱུང་། འཛམ་ཐང་བར་མ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་དབྱང་ཞའོ་ཡིང་གིས་གསར་འགོད་པར་བཤད། ཤ་སྐམ་ལས་སྣོན་གྱི་སྤུས་ཚད་འགན་ལེན་བྱ་ཆེད། གྲོང་སྡེར་བཅའ་སྡོད་བྱས་པའི་ལས་དོན་ཚན་ཆུང་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་རྒྱུན་པར་མཚན་མོ་སྤྱི་ལེ་500ཡི་ཕྱི་རོལ་དུ་དབོར་འདྲེན་བྱས་ནས་ལས་སྣོན་མཉམ་ལས་ཁེ་ལས་ནས་ནོར་ཤ་ལས་སྣོན་བྱེད་ཀྱིན་ཡོད།

        2019ལོར་འཛམ་ཐང་གྲོང་སྡེའི་རིག་གནས་ལྗོངས་སྐོར་ཁུལ་ལ་བརྟེན་ནས་འཛམ་ཐང་བར་མ་གྲོང་རྡལ་གྱིས་རྒྱལ་ཁབ་ཀྱི་A4རིམ་པའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་གོ་སྐབས་ལ་བརྟེན་ནས་སྤྲིན་རིམ་མགྲོན་ཁང་བསྐྲུན་ནས་2020ལོའི་ཟླ་བརྒྱད་པར་དངོས་སུ་ལས་གཉེར་བྱས་པ་རེད། མིག་སྔའི་བར། ཡོང་འབབ་སྒོར་ཁྲི་110ལྷག་ཟིན་ནས་རིམ་རྩིས་བྱས་ན་བགོ་བཤའ་བརྒྱབ་ཆོག་པའི་ཁེ་སྤོགས་སྒོར་ཁྲི་70ཟིན་ཡོད།

        2020ལོར་འཛམ་ཐང་གྲོང་སྡེས་འཛམ་ཐང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁྱིམ་སྡོད་སྟབས་བསྟུན་ལས་ཞུགས་ཐེབས་རྩར་བརྟེན་ནས་སྤྲིན་རིམ་འཚེམ་བཟོའི་ཞིང་བའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པའི་གཉེར་སྐྱོང་བྱེད་སྟངས་བརྒྱུད་གྲོང་མི་སྒྲིག་འཛུགས་བྱས་ཏེ་འཚེམ་བཟོའི་ལག་རྩལ་གསོ་སྦྱོང་ནང་ཞུགས་ནས་སྡེ་མི་700ལྷག་གི་འཚེམ་བཟོའི་རྩ་བའི་ནུས་པ་ཁོང་དུ་ཆུད་པ་བྱས་ཏེ་འཛམ་ཐང་རྫོང་གི་ལས་ཁུངས་ལྔ་དང་ཡུན་རིང་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་ཡོང་འབབ་སྒོར་ཁྲི་140ལྷག་བྱུང་ཡོད།

        གོམ་སྟབས་རྗེས་མར་རྒྱུ་ཆ་ལས་སྣོན་དང་ཞོ་ལས་སྣོན་ཐད་ཤུགས་བསྣན་ནས་མིག་སྔར་བཟོ་གྲྭ་དང་འབྲེལ་གཏུག་བྱས་ནས་མཉམ་ལས་བྱེད་སྟངས་གྲོས་བསྡུར་བྱེད་བཞིན་ཡོད། ཅེས་དབྱང་ཞའོ་ཡིང་འཛམ་ཐང་གྲོང་སྡེའི་མ་འོངས་པའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ནས་བཤད།

        གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་ནི་གནད་འགག་ཡིན་པ་དང་། ཐུན་མོང་དཔལ་འབྱོར་གྱི་འདེགས་སྐྱོར་ནུས་ལྡན་བྱས་པ། སྲིད་གཞུང་གིས་ཁྲིད་སྟོན་དང་། གྲོང་སྡེ་མཉམ་ལས་འཁོར་སྐྱོད། མཉམ་ལས་ཁང་གིས་སྐུལ་ཁྲིད། ཁྱིམ་ཚང་ཞུགས་པ་བཅས་ཀྱི་བྱེད་སྟངས་ལ་གཞིགས་ནས་འཛམ་ཐང་གྲོང་སྡེས་རིགས་སོ་སོའི་མ་དངུལ་དང་ཐོན་ཁུངས་མ་རྐང་ནང་ཞུགས་པའི་གྲོང་སྡེའི་མཉམ་ལས་དཔལ་འབྱོར་ལ་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཐོན་ལས་སྟོབས་ཆེར་གཏོང་བ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། མང་ཚོགས་ཕྱུག་འགྱུར་ཡོང་བ་བཅས་ཀྱི་རྣམ་པ་ཞིག་རིམ་བཞིན་མངོན་ཡོད་དོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1