གྲྭ་བཙུན་གྱི་ལུས་རྩལ་འགྲན་ཚོགས་འདིར་ལྟད་མོ་ཆེ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-10



        སྤྱི་ཟླ་5པའི་ཚེས་4ཉིན་ནས་ཚེས་5ཉིན་བར། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས“ཉི་འོད་དང་མཛེས་སྡུག་ལྡན་པའི་སློབ་གྲྭ་བསྐྲུན་ནས། ཞི་མཐུན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་”ཞེས་པའི་བརྗོད་དོན་གཙོ་བོའི་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བ་དང་། སློབ་གླིང་ཡོངས་ཀྱི་དགེ་སློབ་མི་སྣ་300ལྷག་འགྲན་ཚོགས་ལ་ཞུགས།

        ཚེས་4ཉིན་གྱི་སྔ་དྲོར། སྐད་གསེང་མཐོ་བའི་རྒྱལ་གླུའི་ཁྲོད་ནས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ་དང་། སློབ་གླིང་གི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་གླིང་གཙོ་གཞོན་པ་མཱ་ཡོན་གྱིས་ལུས་རྩལ་འགྲན་ཚོགས་འགོ་ཚུགས་ཁྱབ་བསྒྲགས་གནང་བ་དང་། སློབ་གླིང་གི་ཏང་ཙུའུ་ཁོངས་མི། གླིང་གཙོ་གཞོན་པ་ཤཱཀྱ་དོན་གྲུབ་ཀྱིས་འགོ་ཚུགས་མཛད་སྒོར་གཙོ་སྐྱོང་གནང་། སློབ་གླིང་གི་ཏང་ཙུའུ་ཁོངས་མི། གླིང་གཙོ་གཞོན་པ་ཧོ་ཞུས་ཏུང་གིས་ཤིས་ཚིག་ཕུལ་བ་རེད།

        ཉིན་གཉིས་རིང་གི་འགྲན་བསྡུར་བྱས་པ་བརྒྱུད། དགེ་རྒན་དང་ལས་བཟོ་པ། སྡེ་ལས། འཛིན་གྲྭ་སོ་སོ་ལས་གྲུབ་པའི་འཐུས་ཚབ་འགྲན་ཞུགས་རུ་ཁག་9ཡིས་རྣམ་གྲངས་ཆེ་བ་7དང་རྣམ་གྲངས་ཆུང་བ་21གི་འགྲན་བསྡུར་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་མི་171ལ་བྱ་དགའ་ཐོབ། 2021ལོའི་དགེ་ལུགས་འཛིན་གྲྭ་དང་། 2022ལོའི་རྙིང་མའི་འཛིན་གྲྭ། 2019ལོའི་བཀའ་བརྒྱུད་འཛིན་གྲྭ་བཅས་ལ་རིམ་པ་བཞིན་ཕུལ་བྱུང་རྩ་འཛུགས་ཀྱི་བྱ་དགའ་དང་ཕུལ་བྱུང་ཚོགས་པའི་བྱ་དགའ། ལུས་རྩལ་ཀུན་སྤྱོད་ཀྱི་བྱ་དགའ་བཅས་ཐོབ།

        ཚེས་5ཉིན་གྱི་ཕྱི་དྲོར། སློབ་གླིང་གི་ཏང་ཙུའུ་ཧྲུའུ་ཅི། རྒྱུན་ལས་གླིང་གཙོ་གཞོན་པ་མཱ་ཡོན་གྱིས་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོའི་ཐོག་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པའི་འཐུས་མི་རུ་ཁག་དང་ལུས་རྩལ་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། སློབ་གླིང་ཡོངས་ཀྱི་དགེ་སློབ་ཚོར་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱེད་པ་དར་སྤེལ་གང་ལེགས་གཏོང་དགོས་པ་དང་། ཡར་རྒྱས་བརྩོན་ལེན། མཐུན་སྒྲིལ་རོགས་རེས་ཀྱི་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བར་སྐུལ་མ་བྱས་ལ། རྒྱུན་ཆད་མེད་པར་ནང་བསྟན་སློབ་གླིང་གི་ལས་ཀའི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1