སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱོད་དང་གྲོང་གསེབ་དར་རྒྱས་གཏོང་བར་རྒྱབ་སྐྱོར་སྔར་བས་ཡག་པོ་བྱེད་པར་བཀོད་སྒྲིག་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་འཛུགས་སྐྲུན་བྱས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱོད་དང་གྲོང་གསེབ་དར་རྒྱས་གཏོང་བར་རྒྱབ་སྐྱོར་སྔར་བས་ཡག་པོ་བྱེད་པར་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་བསྟན་དོན། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་འཕེལ་རྒྱས་གཏོང་བ་ནི་ཐོན་ལས་ཉིད་འབྲིང་རིམ་དང་རྩེར་སོན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་མཉེན་ཤུགས་དང་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པས། མཐུན་སྦྱོར་གསར་གཏོད་དང་། ཤེས་ལྡན་པ་གཅིག་སྡུད། མ་གནས་གཅོག་པ་དང་ཕན་འབྲས་ཆེ་རུ་གཏོང་བ་སོགས་གཞི་ཁྱོན་གྱི་ཕན་འབྲས་དང་འགྲན་རྩོད་ཀྱི་ལེགས་ཆ་ཆགས་པར་ཕན་ཐོགས་ཡོད། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་འཕེལ་རྒྱས་གཏོང་བ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ། རྒྱལ་ཡོངས་མིག་མངས་སྒྲིག་སྐོར་གཅིག་ལྟ་བུ་མཐའ་འཁྱོངས་ཀྱིས་ས་གནས་ཁག་ལ་དགེ་མཚན་ལྡན་པའི་ལེགས་ཆ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ། ཆེད་ལས་ཅན་དང་། ཧེ་བག་ཅན། ཁྱད་ཆོས་ཅན་བཅས་ཀྱི་ཐད་འབད་བརྩོན་བྱས་ནས་བྱེད་རིན་ཡོད་མེད་ལ་ལྟ་ཐུབ་པར་བྱེད་དགོས། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ལག་རྩལ་གསར་གཏོད་དང་གཞན་སྒྱུར་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ཕུལ་བྱུང་ཁེ་ལས་ཀྱི་ཚོགས་སྤྱི་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས། ནུས་ལྡན་གྱི་ཁྲོམ་ར་དང་འཇོན་ལྡན་གྱི་སྲིད་གཞུང་ཟུང་འབྲེལ་སྔར་བས་ཡག་པོ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི་སྐྱེ་ཁམས་བཟང་པོ་ཧུར་ཐག་གཏོད་དགོས།
ཚོགས་འདུར་གྲོང་གསེབ་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཁྲོམ་རའི་བར་མཐོངས་རྒྱ་ཆེ་བས། གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ཚེ། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་པར་ཕན་པ་མ་ཟད། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བར་ཡང་ཕན་པ་དང་གྲོང་གསེབ་དར་རྒྱས་གཏོང་བར་སྒུལ་ཤུགས་གསར་པ་བསྣན་སྲིད་་ཅེས་བསྟན་ཡོད། ཚོགས་འདུར་གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱོད་དང་གྲོང་གསེབ་དར་རྒྱས་གཏོང་བར་རྒྱབ་སྐྱོར་སྔར་བས་ཡག་པོ་བྱེད་པའི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། གཞན་ཡང་། ཚོགས་འདུར་ནུས་རྒྱུ་གསར་པའི་རླངས་འཁོར་གཤམ་སྐྱོད་ཀྱི་ཐད་ཚོད་འཛིན་བཟོ་བའི་འཇུར་མིག་མངོན་གསལ་དོད་པོར་དམིགས་ནས། གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འོས་འཚམ་དང་སྔ་སྣུར་དུ་བྱེད་པ་དང་། གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཉེར་སྐྱོང་། སྲུང་སྐྱོང་བཅས་ཀྱི་རྣམ་པ་གསར་པ་བཏོད་ནས“འཛུགས་སྐྲུན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། རྒྱུན་མཐུད་ཐུབ་པ”བཅས་ཀྱི་འགན་ལེན་བྱེད་དགོས། གཞི་རིམ་དུ་ཁེ་ལས་བྲིན་ཚོང་ཞབས་འདེགས་དྲ་རྒྱར་ཞུགས་པར་ཁྲིད་སྟོན་བྱེད་པ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ལ་སྐུལ་ལྕག་བྱས་ཏེ་གྲོང་གསེབ་ལ་ཕྱོགས་ནས་སྲུང་སྐྱོང་འགན་ལེན་གྱི་ལག་རྩལ་བ་གསོ་སྐྱོང་གིས་ནུས་རྒྱུ་གསར་པའི་རླངས་འཁོར་ཉམས་གསོ་དང་བདག་སྐྱོང་རྒྱུན་ཆད་མེད་པར་ཤུགས་ཆེར་འགྲོ་བའི་དགོས་མཁོ་སྐོང་དགོས། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་དང་བེད་སྤྱོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་སྔར་བས་ལེགས་སུ་བཏང་ནས། ཁེ་ལས་ལ་ནུས་རྒྱུ་གསར་པའི་རླངས་འཁོར་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བར་སྐུལ་ལྕག་བྱེད་པ་དང་དུས་མཚུངས། བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཁྲོམ་རའི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།