༄༅། །འཕྲིན་ཐུང་འདིའི་རིགས་ལ་ཡིད་ཆེས་མ་བྱེད་ཅིག ཉེན་རྟོག་པས་གསལ་འདེབས་ནན་མོ་བཏང་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-10



        ཉེ་ཆར། ཉེན་རྟོག་པས་ཤེས་རྟོགས་བྱུང་བ་ལྟར་ན། མགོ་སྐོར་གཏོང་མཁན་གྱིས་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མར་བརྫུས་ནས་ཁ་པར་ཨང་གྲངས་གསར་བ་སྤྱད་དེ“སློབ་གྲྭའི་འཕྲིན་གཏོང”སྤྱི་སྟེགས་བརྒྱུད་ནས་སློབ་མའི་ཁྱིམ་བདག་ལ་མགོ་སྐོར་གཏོང་བའི་འཕྲིན་ཐུང་བསྐུར་བ་དང་། མིག་སྔར། ཁྱིམ་བདག་ཁ་ཤས་ལ་མགོ་སྐོར་ཐེབས་ཡོད་པ་རེད།

                

གཅིག ཁྱོད་ལ་འཕྲིན་ཐུང་འདི་འདྲའི་རིགས་འབྱོར་མྱོང་ངམ།

        ཉེ་སྔོན། ཀོང་ཀྲོའུ་གྲོང་ཁྱེར་གྱི་ཁྱིམ་བདགJཆེ་གེ་མོའི་ཁ་པར་དུ་ཨང་གྲངས་མགོ་མ“00796”ཡིན་པའི་འཕྲིན་ཐུང་ཞིག་འབྱོར་བ་དང་། འཕྲིན་ཐུང་ནང་དུ་རང་ཉིད་ནིJཆེ་གེ་མོའི་བུ་ཡིན་ཞིང་། ད་སྐབས་སློབ་གྲྭའི་རྩིས་འཕྲུལ་ཁང་དུ་སློབ་སྦྱོང་བྱེད་བཞིན་ཡོད། འཕྲིན་ཐུང་འདི“སློབ་གྲྭའི་འཕྲིན་གཏོང”སྤྱི་སྟེགས་བརྒྱུད་ནས་བསྐུར་བ་ཡིན་པ་དང་། Jཆེ་གེ་མོ་ཡིས་རང་ཉིད་ཀྱིQQནང་འཇུག་བྱོས་ཞེས་བཤད་པ་རེད།

ཁྱིམ་བདག་གིསQQནང་འཇུག་བྱས་པ་ན། “བུ”ཡིས་སློབ་གྲྭའི་ཟབ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་དེ་སློབ་སྦྱོང་ཇེ་ལེགས་སུ་གཏང་རྒྱུ་དང་། ཁྱིམ་བདག་གིས“སློབ་དོན་ཁྲུའུ”ཡིQQནང་འཇུག་བྱས་ཏེ་མིང་ཐོ་འགོད་པའི་སྒོར་མོ་སྤྲོད་རོགས་ཞེས་བཤད་ཡོད།

ཁྱིམ་བདག་གིས“སློབ་དོན་ཁྲུའུ”ཡིQQནང་འཇུག་བྱས་རྗེས། ཕ་རོལ་པོསQQཚོགས་པའི་རྩ་གཉིས་ཨང་རིས་ཤིག་བསྐུར་ཡོང་བ་དང་། Jཆེ་གེ་མོQQཚོགས་པའི་ནང་ལ་ཞུགས་རྗེས། རང་ཉིད་དང“སློབ་དོན་ཁྲུའུ”ཡི་མི་གཉིས་ཀ་མ་གཏོགས་མེད་ཅིང་། ཕ་རོལ་པོས་སྐད་ཡིག་དང་རྩིས་རིག དབྱིན་ཡིག་བཅས་སློབ་ཚན་གསུམ་གྱི་ཟབ་སྦྱོང་རིན་གོང་ནི་སྒོར་ཁྲི7.2ཡིན་ཞེས་བཤད་པར་མ་ཟད། ད་དུང་དངུལ་བྱང་ཨང་གྲངས་ཀྱང་བསྐུར་བ་རེད།

ཁྱིམ་བདག་གིས“སློབ་དོན་ཁྲུའུ”ཡི་དངུལ་བྱང་ཨང་གྲངས་ཐོག་ལ་སྒོར་མོ་བསྐུར་བ་ན། ཕ་རོལ་པོསJཆེ་གེ་མོ་ལ་སྒོར་མོ་བསྐུར་བའི་ཟིན་ཐོ་དེ“བུ”ལའང་བསྐུར་དུ་བཅུག་པ་དང་། “བུ”ཡིས་ད་དུང་རྩིས་ཚན་གྱི་སློབ་ཚན་གསུམ་ལ་ཡང་མིང་ཐོ་འགོད་འདོད་ཡོད་པ་དང་། ཁྱིམ་བདག་གིས“སློབ་དོན་ཁྲུའུ”ལ་འབྲེལ་བ་བྱོས་ཞེས་པའི་ལན་འབྱོར་བ་རེད། ཕ་རོལ་པོས་དེའི་རིན་གོང་ཡང་སྒོར་ཁྲི7.2ཡིན་ཞེས་བཤད་ནའང་། བསྐུར་ཡོང་བའི་དངུལ་བྱང་ཨང་གྲངས་ནི་དེ་སྔོན་བསྐུར་ཡོང་བ་དང་མི་འདྲ་བ་རེད། བར་འདི་ལ། ཁྱིམ་བདག་ཀྱང་དོགས་པ་སྐྱེས་ནས་སློབ་གྲྭའི་ནོར་དོན་གྱི་དངུལ་བྱང་ཨང་གྲངས་ལ་མི་འདྲ་བ་གཉིས་ཡོད་མི་སྲིད་ཅེས་འདོད་པ་ན། མཐའ་མར་མགོ་སྐོར་ཐེབས་པ་ཤེས་པ་རེད།

གཉིས། “སློབ་གྲྭའི་འཕྲིན་གཏོང”སྤྱི་སྟེགས་སྤྱད་ནས་མགོ་སྐོར་གཏོང་ཐབས།

        ཀ མགོ་སྐོར་གཏོང་མཁན་གྱིས་དམའ་འབྲིང་དང་མཐོ་འབྲིང་གི་ཞག་སྡོད་སློབ་མར་བརྫུས་ནས་ཁ་པར་ཨང་གྲངས་གསར་བ་སྤྱད་དེ“སློབ་གྲྭའི་འཕྲིན་གཏོང”སྤྱི་སྟེགས་བརྒྱུད་ནས་སློབ་མའི་ཁྱིམ་བདག་ལ་མགོ་སྐོར་གཏོང་བའི་འཕྲིན་ཐུང་བསྐུར་བ།

        ཁ། མགོ་སྐོར་གཏོང་བའི་འཕྲིན་ཐུང་ནང་དུ། རང་ཉིད་སློབ་ཁྲིད་ལ་ཞུགས་ཡོད་པས་ཁ་པར་གཏོང་ལེན་བྱེད་མི་ཐུབ་པའམ་ཡང་ན་ཁ་པར་ཉལ་ཁང་དུ་བཞག་ཡོད་པ། ཡང་ན་ཁ་པར་ཆུ་ནང་དུ་ལྷུང་བ་སོགས་ཀྱི་ཁ་གཡར་ནས་ཁྱིམ་བདག་གིས་རང་གི་ཕྲུ་གུ་ལ་ཐད་ཀར་འབྲེལ་བ་བྱེད་མི་ཐུབ་པར་གཏོང་བ།

        ག མགོ་སྐོར་གཏོང་མཁན་གྱིས་འཕྲིན་ཐུང་ནང་དུ་ཁྱིམ་བདག་ལQQགསར་བ་ཞིག་སྣོན་དུ་འཇུག་པའམ་ཡང་ན་དྲ་རྒྱའི་སྦྲེལ་ཐག་རྒྱུས་མེད་ཅིག་གི་ཁ་འབྱེད་པར་བྱེད་པ་དང་། གལ་ཏེ་ཁྱིམ་བདག་གིསQQགསར་བ་དེ་བསྣན་པའམ་ཡང་ན་དྲ་རྒྱའི་སྦྲེལ་ཐག་རྒྱུས་མེད་དེ་བརྒྱུད་ནས་མཉེན་ཆས་ཕབ་ལེན་བྱས་ཚེ། མགོ་སྐོར་གཏོང་མཁན་གྱི་གཡོ་ཇུས་ནང་ལ་ཚུད་པ་རེད།

གསུམ། མགོ་སྐོར་གཏོང་བ་ལ་དོགས་ཟོན་བྱེད་པ་དང“96110”གིས་ཁ་པར་ཡོང་ན་ངེས་པར་དུ་ལེན་དགོས།

        རྒྱལ་ཁབ་བསླུ་འགོག་ལྟེ་གནས(国家反诈中心)ཀྱིས“96110”གིས་ཁ་པར་ཡོང་ན། ངེས་པར་དུ་ལེན་དགོས་ཞེས་གསལ་འདེབས་བྱས་ཡོད།

        ཁྱོད་ལ“96110”གིས་ཁ་པར་ཡོང་ཚེ། ཁྱོད་རང་ཉིད་དམ་ཡང་ན་ཁྱོད་ཀྱི་ནང་མི་ཞིག་ལ་གློག་འཕྲིན་མགོ་སྐོར་ཐེབས་བཞིན་ཡོད་པའམ་ཡང་ན་ཁྱོད་རང་ནི་མགོ་གཡོག་མགོ་སྐོར་གཏོང་སླ་བའི་མི་ལ་གཏོགས་པ་མཚོན་པ་དང་། ཉེན་རྟོག་པ་ངོ་མ་ཡིས་ད་གཟོད“96110”སྤྱད་ནས་ཁ་པར་གཏོང་བ་ཡིན།

        “96110”ནི་ཆེད་གཉེར་གྱི་ཨང་གྲངས་ཤིག་ཡིན་པ་དང་། རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་བསྲུངས་ཡོད་པས། མགོ་སྐོར་གཏོང་མཁན་གྱིས་བཟོ་བཅོས་སོགས་བྱས་ནས་སྤྱོད་མི་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1