ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་9ཉིན། དབྱི་རག་གི་ཙུང་ཐུང་ལཱ་ཞི་ཏེ་ཡིས་པཱ་ཀ་ཏ་ནས་ལོ་100ཡི་གོང་དབྱིན་ཇིར་གཡར་བའི་རིག་དངོས་6000བདེ་བླག་ངང་ཕྱིར་བླངས་པ་ཁྱབ་བསྒྲགས་བྱས་པ་རེད།
ལཱ་ཞི་ཏེ་ཡིས་ཉིན་དེར་པཱ་ཀ་ཏའི་རྒྱལ་སྤྱིའི་གནམ་ཐང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རིག་དངོས་འདི་དག་1923ལོར་དབྱིན་ཇིར་“ཚན་རིག་ཞིབ་འཇུག་བྱེད་”པར་གཡར་བ་དང་། ད་ཆ་བདེ་བླག་ངང་ཕྱིར་བླངས་ཡོད། “འདི་ནི་དབྱི་རག་ལོ་རྒྱུས་ཐོག་ཏུ་རིག་དངོས་ཕྱིར་བསྡུས་བྱེད་སྒོ་ཆེ་གྲས་གཉིས་པ་དེ་རེད་”ཅེས་བཤད།
ཁོས་རིག་དངོས་ཕྱིར་བླངས་པ་དེའི་ཐོག་ནས་དབྱི་རག་གིས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་སྤྲོ་སེམས་མཚོན་ཡོད། “འཕྲོག་བཅོམ་བྱས་པ་དང་། བརྐུས་པ། ཕྱི་རྒྱལ་དུ་ལྐོག་འདྲེན་བྱས་པའི་རིག་དངོས་དག་ང་ཚོས་མུ་མཐུད་ཚུར་ལེན་ཐབས་བྱ་རྒྱུ་ཡིན་”ཞེས་བཤད་པ་རེད།
ལཱ་ཞི་ཏེ་ཉིན་ཤས་གོང་དབྱིན་ཇིར་འཚམས་འདྲི་བྱས་པ་དང་འབྲེལ་དབྱིན་ཇིའི་རྒྱལ་པོ་ཁྲའར་སི་སྐུ་ཕྲེང་གསུམ་པའི་ཁྲི་འདོན་གྱི་མཛད་སྒོར་ཞུགས་ཤིང་། དེའི་སྐབས་སུ་རིག་དངོས་ཕྱིར་བསློག་རྒྱུའི་ཐག་བཅད།
2021ལོར་དབྱི་རག་སྲིད་གཞུང་གིས་ཨ་རི་ནས་འཕྲོག་བཅོམ་བྱས་པའི་རིག་དངོས་ཁྲི་1.7ཙམ་བདེ་བླག་ངང་ཕྱིར་བླངས་པ་དེ་ནི་དབྱི་རག་གིས་བོར་བརླག་ཏུ་སོང་བའི་རིག་དངོས་ཕྱིར་བསྡུས་ཚད་མང་ཤོས་ཤིག་རེད། 2003ལོར་ཨ་རིས་དབྱི་རག་ལ་བཙན་འཛུལ་བྱས་རྗེས། རིག་དངོས་མང་པོ་འཕྲོག་བཅོམ་དང་གཏོར་བརླག་ཐེབས། 2014ལོར་ཐལ་སྐྱོད་རྩ་འཛུགས་“དབྱི་སི་ལམ་རྒྱལ་ཁབ་”ཀྱིས་དབྱི་རག་ནུབ་རྒྱུད་དང་བྱང་རྒྱུད་ཀྱི་ས་ཆ་མང་པོ་བཟུང་རྗེས། སླར་ཡང་རིག་དངོས་འབོར་ཆེན་བོར་པ་རེད།