མང་ཐོས་རྡུལ་མང་བརྩེགས་པའི་དཀྱིལ་འཁོར་ཡངས།། དགག་སྒྲུབ་ལུང་རིགས་མེ་ལྕེའི་འོད་རླབས་ཚ།། ལོག་སྨྲའི་མུན་ནག་ཚང་ཚིང་བསྲེགས་བྱས་པས།། རྣམ་སད་བུས་ཀྱང་དགའ་བའི་གླུ་དབྱངས་ལེན།། ཆོས་ལུགས་མི་ཤེས་ཆོས་ལ་ངོ་རྒོལ་བྱེད།། ཚན་རིག་མི་ཤེས་ཚན་རིག་དར་ཆ་འཕྱར།། རྫུན་ཚོང་རྦ་རླབས་བརྡོལ་བའི་རྗེས་བསྙེགས་ཕྱིར།། ཕ་མགོ་མ་ལུས་རང་བླ་བཙོང་བའང་བྱུང་།། རྟོག་པ་འོག་འགྱུ་ལོག་སྣང་གང་དྲན་སྨྲ།། སྒྲུབ་བྱེད་མེད་པའི་དམ་བཅའི་མུར་ཅོར་སྒྲོགས།།མཆིལ་མའི་མདའ་ཆར་འགུག་པའི་གཡབ་མོ་ལ།། བསམས་ཚེ་དགོད་ཡང་བྲོ་ལ་སྙིང་ཡང་རྗེ།། སྤྱི་ཚོགས་བསམ་ཚུལ་སྤྱིར་བཏང་རྙོགས་པའི་སྟེང་།། མི་གཙང་དོར་ནས་ཇེ་རྙོགས་བཏང་བ་དེ།། དྭངས་པར་བྱེད་པའི་ཐབས་ལ་འབད་པ་ནི།། སྤྱི་སེམས་ལྡན་པའི་མཁས་པའི་སྤྱོད་ཚུལ་ཡིན།། དོན་གྱི་བཅུད་ཆེ་ཚིག་གི་མདངས་མཛེས་པའི།། རྩོམ་རིག་དགའ་ཚལ་མཛེས་པའི་རྒྱན་གྱི་ཕུལ།། ཨ་མྲའི་ལྗོན་རྩེར་ཆགས་པའི་འབྲས་མཆོག་འདི།། ལྷ་མིའི་ལོངས་སྤྱོད་མཆོག་ཏུ་ཉེར་སྤྱད་འོས།། ཞེས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ནས། དགག་ཡིག་འདིའི་ཕྱོགས་སྔ་དང་འབྲེལ་བའི་གནས་ཚུལ་འགའ་ཞིག་གླེང་བ་ལ། དེ་ཡང་ཀྲུང་གོའི་རྒྱལ་ཁབ་ཕུང་ལ་སྦྱོར་བའི་མི་བཞི་ཤོག་ཁག་གིས་མི་རིགས་རིག་གནས་ཆོས་ལུགས་བཅས་ལ་དགག་པ་བཏང་ནས་གཏོར་བརླགས་བྱས་པའི་སྒྲོ་སྐུར་གཏམ་ངན་ལོ་རྒྱུས་ཀྱི་ཕྱགས་ལུད་ཁྲོད་དུ་འཕངས་ཟིན་པ་སྐོར་ཅིག མི་ཁ་ཤས་ཀྱིས་སླར་ཡང་བཏུས་ཏེ།“ཚན་རིག”“སྔོན་ཐོན་སོགས་ཀྱི་ཐུམ་གསར་བརྒྱབ་ནས་རང་དང་རིགས་མཐུན་རྨོངས་པའི་ཁྲོད་དུ་མགོ་སྐོར་རྫུན་ཚོང་བྱེད་པར་སྣང་ལ།གཏམ་ངན་རླུང་འཁྱེར་གྱི་དཔེར་གཏམ་ངན་དེ་དག་ཕྱི་རྒྱལ་དུ་ཡང་ཚོར་འདུག་པས།ཨ་རི་སོགས་ན་ཡང་སྐྱུགས་རྫོགས་ཀྱི་རིག་གནས་གསར་བརྗེ་དེ་བོད་དུ་སླར་ཡང་སློང་བར་འདུག་ཅེས་གྲག་གོ། སྤྱིར་གཏམ་འཁྱལ་དེ་རིགས་ལ་དཔྱད་པ་གཏོང་རིན་གཏན་ནས་མེད་ཀྱང་། དེང་སང་གི་མི་རྣམས་ལེགས་བཤད་དང་ལོག་བཤད་།ཡ་རབས་དང་མ་རབས་ཀྱི་ཤན་འབྱེད་ཀྱི་བློ་རྩལ་ཆེས་ཞན་པས་ལེ་ཧུན་ཀྲིའི་རྫུན་གཏམ་ལ་བདེན་པར་འཛིན་མཁན་མང་བ་ལྟ་བུ་རེད།དེ་ཡང་ཅོལ་ཆུང་བྱིས་པའི་རྣ་བར་འགྲོ་སླ་བའི་རྒྱུ་མཚན་ཞིག་ནི། དེ་དག་ལ་རིག་གསར་དང་ཚན་རིག་གི་འདྲ་འབག་གྱོན་ཡོད་པའི་རྐྱེན་ཡིན་ལ། དེ་དག་གི་རྫུན་གཏིང་བསློག་པ་ལ་ཆབ་སྲིད་ཚན་རིག་རིག་གསར་ཕྱོགས་ཀྱི་ལྟ་ཚུལ་ཤེས་པ་གལ་ཆེ་བས། དེའི་ཚུལ་རགས་ཚམ་བརྗོད་ན། དང་བོ།ཆོས་ལུགས་ཀྱི་རང་བཞིན་ལ།ཀྲུང་གོའི་སྲིད་གཞུང་གི་ཡིག་ཆ་དང་། མགོ་ཁྲིད་རྣམས་ཀྱི་གསུང་བཤད་སོགས་སུ་ལོ་རྒྱུས་ཀྱི་རང་བཞིན། མི་དམངས་དད་པའི་རང་བཞིན།རྒྱལ་སྤྱིར་ཁྱབ་པའི་རང་བཞིན་ཏེ་རང་བཞིན་གསུམ་མམ། དེའི་ཐོག་ཏུ་མི་རིགས་ཀྱི་རང་བཞིན་དང་ཀུན་ཁྱབ་ཀྱི་རང་བཞིན་བསྣན་པས། ཆོས་ལུགས་ཀྱི་རང་བཞིན་ལྔར་གྲགས་སོ།། དེ་ཡང་ལོ་རྒྱུས་ཀྱི་རང་བཞིན་ཞེས་པ་ལོ་རྒྱུས་རིང་བའི་དོན་ཡིན་ལ། དཔེར་ན་སངས་རྒྱས་ཆོས་ལུགས་དར་ནས་ལོ་ཉིས་སྟོང་བརྒྱད་བརྒྱ་ལྷག་གམ(རྒྱ་ནག་དང་བོད་ཀྱི་བཤད་ཚུལ)ཉིས་སྟོང་ལྔ་བརྒྱ་ལྷག(ཉན་ཐོས་སྡེ་བའི་ལུགས)སོང་ཞིང་།ཡེ་ཤུའི་ཆོས་ལུགས་དར་ནས་ལོ་ཉིས་སྟོང་སོང་བ་ལྟ་བུ་དང་། མི་དམངས་ཀྱིས་དད་པའི་རང་བཞིན་ནི་འཛམ་གླིང་མི་གྲངས་ཀྱི་བརྒྱ་ཆའི་དྲུག་ཅུ་ཡན་ཆད་ཆོས་ལུགས་ལ་དད་པ་དང་།རྒྱལ་སྤྱིའི་རང་བཞིན་ནི་ཆོས་ལུགས་དད་མཁན་རྒྱལ་ཁབ་རེ་གཉིས་ཀྱི་དོན་ཙམ་མིན་ལ།བོད་བརྒྱུད་ནང་བསྟན་དར་ཞིང་དགོན་སྡེ་བཙུགས་ཡོད་པའི་རྒྱལ་ཁབ་ཡང་བརྒྱད་ཅུ་ལྷག་ཡོད་པར་འདུག མི་རིགས་ཀྱི་རང་བཞིན་ཞེས་པ་ནི་ཆོས་ལུགས་ནི་མི་རིགས་ཀྱི་རྟགས་མཚན་དང་། མི་རིགས་ནང་ཁུལ་གྱི་འབྲེལ་བའི་འཛིན་ཤུགས་གལ་ཆེན་ཡིན་པར་བསྟན། དཔེར་ན་ཡེ་ཟི་ལན་ཆོས་ལུགས་ཀྱིས་ཨ་རབ་རྒྱལ་ཁབ་མང་བོ་གཅིག་སྒྲིལ་དུ་བྱས་པ་ལྟ་བུ། ཀུན་ཁྱབ་ཀྱི་རང་བཞིན་ནི་མི་ཡི་རིགས་ཀྱི་ལོ་རྒྱུས་སྟེང་དུ་ཆོས་ལུགས་མེད་པའི་མི་རིགས་གཅིག་ཀྱང་མེད་པ་ལྟ་བུ་རེད།
གཉིས་པ། ཆོས་ལུགས་དང་རིག་གནས་བར་གྱི་འབྲེལ་པའི་ཕྱོགས་འཛམ་གླིང་མཁས་པ་མང་བོས། ཆོས་ལུགས་ནི་མི་ཡི་རིགས་ཀྱི་རིག་གནས་ཀྱི་འབྱུང་ཁུངས་ཡིན་ཞེས་བཤད་ཀྱིན་ཡོད་ལ།དཔེར་ན་ཀྲུང་གོའི་རིག་གནས་ཞིབ་འཇུག་པ་གྲགས་ཆེན་ཁྲིན་ཧྲི་ཕྰིན་ནས།“མི་ཡི་རིགས་ཀྱི་རིག་གནས་ཆོས་ལུགས་ལས་བྱུང་”ཞེས་དང་། “ཆོས་ལུགས་ནི་མི་ཡི་རིགས་ཀྱི་རིག་གནས་ཀུན་གྱི་ནང་དུ་གལ་ཆེ་ཞིང་འོས་མཐུན་གྱི་གོ་གནས་ཡོད་པའི་གྲུབ་ཆ་གལ་ཆེན་ཡིན”ཞེས་བཤད། དེང་དུས་ཚན་རིག་གི་མེས་པོ་ཨེ་ཡིན་སི་ཐན་གྱིས“གདུག་རྩུབ་ཅན་གྱིས་ཐོ་ཏུང་བ་རྣམས་ཡོ་རུབ་གླིང་གི་གནའ་དུས་རིག་གནས་བསྣུབས་རྗེས།ཆེས་ཕུལ་དུ་བྱུང་བའི་རིག་གནས་གསར་བ་ཞིག་ཆུ་འགོ་གཉིས་ནས་རིམ་གྱིས་བྱུང་། དེའི་ཆུ་འགོ་གཉིས་ཀྱི་གཅིག་ནི་ཡུས་ཐེ་མི་རིགས་ཀྱི་ཆོས་ལུགས་ཀྱི་གཞུང་དང་།གཅིག་ནི་ཀུ་རུ་སི་དང་རོབ་མའི་མཚན་ཉིད་རིག་པ་དང་སྒྱུ་རྩལ་ཡིན།རང་བཞིན་མི་གཅིག་པའི་ཆུ་བོ་རྣམ་གཉིས་གཅིག་ཏུ་འདྲེས་ནས་དེང་དུས་རིག་གནས་བྱུང་། རང་རེ་འཚོ་བ་ངོ་མའི་ནང་དུ་དོན་དམ་པའི་རིན་ཐང་ཡོད་པའི་དངོས་པོ་ཚང་མ་དེ་ལས་བྱུང་”ཞེས་འབྱུང་ངོ་།། ཀྲུང་གོའི་དམངས་གཙོ་གསར་བརྗེའི་གཙོ་འཛིན་ཟུང་ཀྲུང་ཧྲན་གྱིས་ཆོས་ལུགས་ནི་མཚན་ཉིད་རིག་པའི་འབྱུང་ཁུངས་ཡིན་ལ། ཚན་རིག་གི་ཞན་ཆ་སེལ་ཞིང་ཧོར་ཁུང་གསབ་སྤྱད་ཀྱང་ཡིན་ཞེས་བརྗོད།
གསུམ། ཆོས་ལུགས་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་ཕྱོགས་ལ་ཧྥ་རན་སིའི་མཚན་ཉིད་སྨྲ་བ་ཧྥུར་ཐེ་ནས “ཀུན་སྤྱོད་ཕྱོགས་ལ། ལྷ་ཡོད་པར་ཁས་བླངས་པ་ནི་ལྷ་མེད་པར་ཁས་བླངས་པ་ལས་ཟང་བ་ཡིན། རྒྱལ་ཁྲིམས་ཀྱིས་ཆད་པ་གཅོད་མི་ནུས་པའི་ཉེས་པའི་སྐོར། ལྷས་ཆད་པ་གཅོད་ནུས་པས་མང་ཚོགས་ལ་ཤིན་ཏུ་ཕན”ཞེས། “ཆོས་ལུགས་དད་པ་ནི་སྤྱི་ཚོགས་སྟེང་གི་འོས་མཐུན་གྱི་བྱ་བ་ཞིག་ཡིན”ཞེས་དང་།“ང་རང་ནི་ལྷ་ལ་མི་དད་པའི་མི་ལ་ལྟོས་ན།ལྷ་ལ་དད་པའི་མི་རྣམས་ལས་རྒྱུ་འབྲས་དྲང་བདེན་གྱི་སྤྱོད་པ་ལྷུར་ལེན་པ་མང་དུ་མཐོང་ཐུབ་བྱུང་།”ཞེས་དང་།ཧྥ་རན་སིའི་མཚན་ཉིད་སྨྲ་བ་གྲགས་ཆེན་རུ་སོ་ནས“ལྷ་མེད་རང་ལུགས་ཀྱི་སྤྱི་ཚོགས་ཤིག་ཆགས་མི་སྲིད”གསུངས་སོ།། ཨེ་ཡིན་སི་ཐན་ནས “སྔོན་ཆད་ཡུན་རིང་བོ་ཞིག་ལ། ཡུས་ཐེ་ཆོས་ལུགས་ནི་བསམ་པ་དང་ཀུན་སྤྱོད་ཕྱོགས་ཀྱི་གོམས་སྲོལ་འཛིན་སྐྱོང་བྱས།ཆོས་ཀྱི་སློབ་དཔོན་ནི་མགོ་འདྲེན་ཉག་གཅིག་ཡིན་ལ། ད་ལྟ་མགོ་འདྲེན་དེ་རིགས་མེད་ན་ཡང་དེ་དག་གིས་བརླགས་པར་མི་ནུས་པའི་གསོན་ཤུགས་ཤིག་གནང་བ་དེ།ང་ཚོ་ཡུས་ཐེ་མི་རིགས་ཀྱིས་དྲན་དགོས་པ་ཡིན།མི་ཚང་མའི་ཕན་བདེའི་ཕྱིར་དུ་གསོན་ཤུགས་དེ་སྲུང་འཛིན་བྱེད་དགོས། རང་རེའི་འཚོ་བའི་ནང་དུ་བསམ་པའི་ལམ་ཕྱོགས་དེ་དམ་འཛིན་བྱེད་དགོས། རང་རེ་ཡུས་ཐེ་མི་རིགས་ནི་བསམ་པའི་རིན་ཐང་དེ་བེད་སྤྱོད་མཁན་ཡིན་ལ། རིན་ཐང་ཅན་གྱི་བསམ་པ་དེ་འདྲ་བེད་སྤྱོད་པ་ནི་འཛམ་གླིང་མི་རིགས་ཡོངས་རྫོགས་ཀྱི་རེ་འདོད་ཡིན།”ཞེས་གསུངས་སོ། 2002.2.22ཉིན་ཨ་རེའི་ཙུང་ཐུང་པྰུ་ཧྲིས་པེ་ཅིང་ཆིན་ཧྭ་སློབ་གྲྭ་ཆེན་མོར་གནང་བའི་གསུང་བཤད་དུ། “ཨ་མེ་རི་ཀའི་རྒྱབ་ཁབ་ནི། ཆོས་ལུགས་ཀྱི་དད་པས་མཛུབ་སྟོན་བྱེད་པའི་རྒྱབ་ཁབ་ཅིག་ཡིན་ཞེས་བཤད་ཚུལ་ཡང་ཡོད།མི་གྲངས་ཀྱི་བརྒྱ་ཆའི་གོ་ལྔ་ལྷ་ཆོས་ལ་དད།ང་ཡང་ལྷ་ལ་དད་མཁན་ཞིག་ཡིན། ཧྲང་ཧེར་ངེད་དང་ཅང་ཙེ་མེན་ཀྲུའུ་ཞི་དངོས་མཇལ་སྐབས་ཁོང་ལ་ངའི་རྒྱུ་མཚན་ཞུས་མྱོང་། ངའི་ཚེ་གང་གི་བྱ་བར་ཆོས་ལུགས་ཀྱི་ཤན་ཐེབས་པ་དང་། ང་ཚོའི་རྒྱབ་ཁབ་ཀྱི་འཚོ་བར་ཆོས་ལུགས་ཀྱི་ཕན་རྐྱེན་ཐེབས་པ་དང་། ཆོས་ལུགས་ཀྱིས་ངེད་ཅག་ལ་ཀུན་སྤྱོད་བཟང་བོའི་ལམ་བསྟན་པ་དང་། ཀུན་སྤྱོད་དེ་ནི་ཁྲིམས་ལུགས་ལས་བརྒལ་ཞིང་། མི་རྣམས་ལ་དངོས་རྫས་ཀྱི་ཕན་ཁེ་ལས་ལྷག་པའི་རླབས་ཆེན་གྱི་དགོངས་དོན་ཞིག་ལ་འབད་དགོས་པའི་ལམ་ཞིག་བསྟན་པ་རེད།དེའི་ཆོས་ལུགས་དད་མོས་རང་དབང་ནི་དགའ་འོས་པ་ཞིག་ལས་སྐྲག་འོས་པ་ཞིག་མིན། དེའི་རྒྱུ་མཚན་ཡང་། ཆོས་ལུགས་ནི་ཀུན་སྤྱོད་ཀྱི་ཁུངས་སྟོན་པ་དང་།མི་རྣམས་རང་གིས་རང་ཚད་མཐོན་པོར་གཏོང་བ་དང་། གཞན་ལ་བྱམས་སྙིང་རྗེ་ཇི་ལྟར་བསྐྱེད་པ། གཞན་ཕན་ཇི་ལྟར་སྒྲུབ་པ། ཚུལ་མཐུན་གྱི་འཚོ་བར་རོལ་བ་སོགས་ཁག་ཐེག་བྱེད་དགོས་པ་སོགས་བསྟན་པ་རེད”ཅེས་དང་། “དངོས་རྫས་ཀྱི་ཕན་ཁེ་ཁོ་ནར་སེམས་འཁོར་བའི་ལུགས་དེས།ང་ཚོའི་རྒྱལ་ཁབ་དང་སྤྱི་ཚོགས་ལ་གནོད་སྐྱེལ་བྱུང་ཞིང་།སྟོབས་འབྱོར་དར་བའི་རྒྱལ་ཁབ་མང་པོར་གནོད་སྐྱེལ་བྱུང་། ”ཞེས་གསུངས།
བཞི་བ། ཚན་རིག་དང་ཆོས་ལུགས་ཀྱི་འབྲེལ་བའི་ཕྱོགས་ལ། ཨེ་ཡིན་སི་ཐན་གྱིས“ཆོས་ལུགས་དང་སྒྱུ་རྩལ། ཚན་རིག་གསུམ་ནི་སྡོང་བོ་གཅིག་གི་ཡལ་ག་གྱེས་པ་ཡིན། དེ་དག་ཚང་མའི་དམིགས་ཡུལ་ནི། མི་ཚང་མའི་འཚོ་བ་ཡ་རབས་ཚུལ་མཐུན་དུ་འགྱུར་བ་དང་། སྤྱིར་བཏང་གི་སེམས་ཅན་གྱི་གནས་སྟངས་ལས་མཐོར་འདེགས་བྱས་ཏེ་རང་དབང་ཅན་དུ་བསྒྱུར་བ་དེ་ཡིན”ཞེས་དང་། “དགོན་སྡེ་དང་སློབ་གྲྭ་ཆེན་མོ་གང་ཡིན་ཡང་དམིགས་ཡུལ་ནི་མི་རྣམས་ཡ་རབས་ཀྱི་ལམ་ལ་དྲངས་པ་ཡིན”ཞེས་དང་།“ཆོས་ལུགས་མེད་པའི་ཚན་རིག་ཞ་བོ་དང་། ཚན་རིག་མེད་པའི་ཆོས་ལུགས་ལོང་བ་རེད”ཅེས་དང་།“ལྷ་འཇིག་རྟེན་བྱེད་པོའི་གཞུང་ལུགས་ནི་གནས་ལུགས་ངོ་མའི་སྟེང་ནས་ཚན་རིག་གིས་དགག་ནས་ཕམ་པར་བྱེད་མི་ནུས་ཏེ། ཚན་རིག་གིས་འགྲེལ་བཤད་བྱེད་མ་ནུས་པའི་ཤེས་བྱའི་ཡུལ་དེ་དག་ནི་ལྷ་རྣམས་ཀྱི་སྦས་བསྐུང་བྱེད་ས་ཡིན”ཞེས་གསུངས། ཧྥུར་ཐེ་ནས“ཉིག་ཏུང་གི་མཚན་རིག་པས། གཟུགས་ཀྱི་དངོས་པོ་ནི་རེ་འགའ་བ་དང་། སྟོང་བ་ཡང་ཁས་ལེན་པས། དོན་གྱིས་འཇིག་རྟེན་བྱེད་པོར་གྱུར་བའི་ལྷ་ཡོད་པར་ཁས་བླངས་པ་རེད”ཅེས་དང་། “ཆོས་ལུགས་སློབ་དཔོན་གྱིས་བྱིས་པ་རྣམས་ལ་འཇིག་རྟེན་བྱེད་པོ་ཞེས་པའི་ལྷ་གཅིག་ཡོད་ཅེས་སྨྲ་ཞིང་། ཉིག་ཏུང་གིས་མཁས་པ་རྣམས་ལ་དེ་ཡོད་པའི་ཤེས་བྱེད་བསྟན”ཞེས་དང་། “སྐྱོན་མེད་ཡང་དག་གི་མཚན་ཉིད་རིག་པས་ལྷ་མེད་སྨྲ་བ་ལ་ཆག་ཆ་སྤྲད”ཅེས་གསུངས་སོ།།
ལྔ་བ། སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དང་དེང་རབས་ཚན་རིག་གི་ཡང་རྩེ“ལྱང་ཙི་དངོས་གཤིས་རིག་པའི”ལྟ་ཚུལ་གཅིག་ཐོག་ཏུ་བབས་པའི་ཚུལ་དེ་ཡང་ཆོས་ཐམས་ཅད་རྟེན་འབྲེལ་གྱི་རང་བཞིན་དང་།དངོས་པོ་གང་ལ་ཡང་རང་ངོས་ནས་གྲུབ་པའམ་རང་ཚུགས་ཐུབ་ཏུ་གྲུབ་པའི་བདེན་པའི་རང་བཞིན་ཅུང་ཟད་ཅིག་ཀྱང་མེད་པའི་སྟོང་བ་ཉིད་དུ་འདོད་པ་དེ།སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་མཐར་ཐུག་ཡིན། རྟེན་འབྲེལ་དང་རང་བཞིན་གྱིས་སྟོང་བའི་ལྟ་བ་དེ། ཚན་རིག་དང་ལྟ་ཚུལ་མཐུན་ན་སངས་རྒྱས་ཆོས་ལུགས་ཚན་རིག་མིན་ཞེས་སུས་ཀྱང་བཤད་མི་ནུས་སོ།།
སངས་རྒྱས་ཆོས་ལུགས་ཚན་རིག་དང་མཐུན་མིན་གཤམ་གསལ་གྱི་བཤད་ཚུལ་འདི་དག་ལ་ལྟོས་ཤིག ཇར་པན་ཚན་རིག་པ་ཨན་ཀིན་ཀྲོ་ལང་གིས“དངོས་པོ་ཐམས་ཅད་ཕན་ཚུན་རྟེན་ཅིང་འབྲེལ་བའི་འབྲེལ་བ་སྣ་ཚོགས་ཀྱི་དྲ་བར་གྱུར་བའི་རྣམ་པ་ཅན་དུ་གནས”ཞེས་དང་། “གཞིའི་ཕྲ་རྡུལ་ཡང་རང་དབང་ཚུགས་ཐུབ་ཆ་ཤས་གསིལ་དུ་མེད་པའི་བདེན་གྲུབ་མིན་ལ། དངོས་པོ་གཞན་ལ་ཤུགས་རྐྱེན་ཐེབས་པའི་འབྲེལ་བའི་རང་བཞིན་ཞིག་ཡིན”ཞེས་དང་། ཅོན་ཀུ་ལེ་པྰིན་གྱིས“ལྱང་ཙིའི་རྡུལ་ཕྲན་འཇིག་རྟེན་དུ་ཁྱོད་ཀྱིས་མཐོང་བ་དེ་ཁྱོད་རང་གིས་རྙེད་པ་ཙམ་ཡིན་ལ།ཚང་མ་རྫུན་མ་ཡིན”ཞེས་དང་།“བདེན་པའི་དངོས་པོ་གཅིག་ཀྱང་མེད”ཅེས་དང་།ཨ་རིའི་དེང་རབས་དངོས་གཤིས་ཚན་རིག་གི་གཞུང་ལུགས་སྨྲ་བ་ཁ་ཕུ་ལེ་ནས“རང་བྱུང་གི་དངོས་པོ་འདི་དག་ཚན་རིག་གིས་དོན་དངོས་ཞིབ་འཇུག་བྱས་པ་ལས་མཐོང་བའི་གནས་ཚུལ་རྫུན་པ་འདི་འདྲ་ཞིག་ཡིན་ནམ”ཞེས་དང་། “སངས་རྒྱས་པའི་གཞུང་མདོ་ཕལ་ཆེན་གྱི་བརྗོད་བྱ་གཙོ་བོ་དངོས་པོ་ཐམས་ཅད་རང་བཞིན་གཅིག་ཏུ་འདྲ་བ་དང་།ཕན་ཚུན་རྟེན་ཅིང་འབྲེལ་བ་དེ་བཤད་པ་རེད།ལྟ་བ་དེ་ནི་འཛམ་གླིང་ཤར་མའི་འཇིག་རྟེན་གྱི་ལྟ་ཚུལ་གྱི་དོན་སྙིང་ཡིན་ལ། དེར་མ་ཟད་དེ་ནི་དེང་རབས་དངོས་གཤིས་ཚན་རིག་གི་འཇིག་རྟེན་ལྟ་བའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། གནའ་དུས་ཀྱི་ཆོས་གཞུང་<<སངས་རྒྱས་ཕལ་བོ་ཆེ>>དང་དེང་རབས་དངོས་གཤིས་ཚན་རིག་གི་དངོས་པོའི་གྲུབ་ཚུལ་དང་། རིག་ལམ་སྟེང་ནས་ཕན་ཚུན་འདྲ་མཚུངས་ཡིན་པ་ཤིན་ཏུ་ཧ་ལས་དགོས་པའི་ཚོད་དུ་སྣང་”ཞེས་གསུངས། ཨེ་ཡིན་ཐི་སན་དང་གོ་གནས་མཚུངས་པའི་དབྱིན་ཇིའི་ཚན་རིག་པ་ཆེན་པོ་ཧོ་ཅིན་ནས“འཇིག་རྟེན་ཆགས་ཚུལ་སྟེང་ན་ལྷ་འཇིག་རྟེན་བྱེད་པོའི་བྱེད་ལས་ཀྱི་དོན་ནི་ཧ་ཅང་ཟབ་མོ་ཞིག་རེད། འཇིག་རྟེན་གྱི་ད་ལྟའི་གནས་ཚུལ་འདི་འཇིག་རྟེན་བྱེད་པོས་དང་ཐོག་ཉིད་ནས་བཙལ་བའི་ཐབས་ཤིག་ལ་རག་ལས་པ་ཡིན་ནམ་ཐག་གཅོད་དཀའ་ལ། གལ་ཏེ་ཚན་རིག་གིས་འཇིག་རྟེན་འདི་འདྲ་ཞིག་བྱུང་བ་ཡིན་ཞེས་དྲིས་ན་ལན་གཏན་ནས་མེད་དོ”ཞེས་གསུངས། ཡང་ན་ཨན་ཀིན་གྲོ་ལང་གིས “མིག་གིས་མཐོང་བའི་དངོས་པོའི་འཇིག་རྟེན་ཞིབ་འཇུག་བྱེད་པའི་དེང་དུས་ཚན་རིག་གིས་འཇིག་རྟེན་ཡོངས་རྫོགས་ཀྱི་ཆ་ཕྲན་ཞིག་ལས་མི་ཤེས་ལ། དེ་ཙམ་ལ་བརྟེན་ནས་འཇིག་རྟེན་གྱི་ཤེས་བྱ་ཡོངས་རྫོགས་ཤེས་པར་རློམ་ནས་ཚན་རིག་གིས་སྒྲུབ་མི་ནུས་པ་མེད་པར་བསམ་པ་ནི་གླེན་རྟགས་བླུན་པོའི་ང་རྒྱལ་རེད”ཅེས་དང་། ཁ་ཕུ་ལེ་ནས “ནུབ་ཕྱོགས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་གི་ལྟ་བ་ཤར་ཕྱོགས་ཀྱི་ཆོས་ལུགས་ཀྱི་ལྟ་བ་དང་ཐག་ཇེ་ཉེ་དང་ཇེ་ཉེར་འགྱུར་ཀིན་ཡོད་ལ། དེ་ལས་དེང་དུས་དངོསགཤིས་རིག་པ་དང་ཤར་ཕྱོགས་ཀྱི(ཆོས་ལུགས)ལྟ་བ་དང་གཅིག་གྱུར། ཚན་རིག་དང་ཆོས་ལུགས་གཅིག་གྱུར་གྱི་འཕེལ་ཕྱོགས་བསྟན”ཞེས་གསུངས། ཨ་རིའི་མ་འོངས་འབྱུང་འགྱུར་ཞིབ་འཇུག་མཁན་ཐོ་ཧྥུ་ལེ་ནས། མ་འོངས་བའི་འཕེལ་ཕྱོགས་བཅུ་རིགས་པས་རྗེས་སུ་དཔག་པའི་ནང་ནས། ཆོས་ལུགས་ནི་ཆེ་ཆེར་དར་བའི་འཕེལ་ཕྱོགས་གཅིག་ཏུ་ཐག་བཅད་བྱས་སོ།། འདི་འདྲའི་ལྟ་ཚུལ་གསར་བ་མང་དུ་བཤད་རྒྱུ་ཡོད་ཀྱང་། བདེན་པའི་གཏམ་ལ་མང་མི་དགོས། རྫུན་གཏམ་མང་ནའང་ཕན་པ་མེད་ཅེས་པ་ལྟར། ཚན་རིག་མཁས་ཆེན་དང་མི་གྲགས་ཆེན་སྐོར་ཅིག་གི་གསུང་བཤད་སྐོར་ཅིག་བླུན་པོ་ཐོས་རྒྱ་ཆུང་ལ་ང་རྒྱལ་ཆེ་ཞིང་འདྲ་མིན་སྨྲ་ལ་དགའ་བ་རྣམས་ཀྱི་བླུན་སྐྱོན་སེལ་ཕྱིར་ཕུལ་བ་ཡིན་ལ། མདོར་ན། རིག་གནས་དང་འཇིག་རྟེན་གྱི་བྱ་བ་གང་ཡང་ཅོལ་ཆུང་བྱིས་པའི་རྣམ་འགྱུར་གྱིས་ཐག་གཅོད་བྱེད་མ་སྔ་བར། རིགས་ལམ་ཕྲ་མོ་ལ་བརྟེན་ནས་ནན་ཏན་ཏུ་དཔྱད་པ་གཏོང་བ་ནི།འཛམ་གླིང་ཤར་ནུབ་ཀྱི་མཁས་པ་བློ་སྒྲིན་པོར་གནས་པ་ཡོངས་ཀྱི་ཉམས་མྱོང་ཆེས་ཟབ་མོ་ཞིག་ཏུ་འདུག་གོ །