“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད”

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-19


“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད”

——བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་སྤྱི་ཟླ་6པའི་ཚེས་16ཉིན་འགོ་འཛུགས་རྒྱུ་ཡིན་པ།

འདི་ནི་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོག་ཡུལ་ཡིན་པ།

        ཚེས་16ཉིན་གྱི་སྔ་དྲོ་གསར་འགོད་པས་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི(གཤམ་དུ་བོད་ལྗོངས་འགྲེམས་ཚོགས་ཞེས་བསྡུ་རྒྱུ)གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱས་པར། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་ཟླ་6ཚེས་16ཉིན་ནས་ཚེས་18ཉིན་བར་ལྷ་སར་འཚོག་རྒྱུ་ཡིན་པ་རེད།

        སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱིས“བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པར་ཅི་དགར་རོལ། ལག་གདང་སྦྲེལ་ནས་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་རང་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཐོབ་པའི་གྲུབ་འབྲས་ལྡན་པའི་ལག་ལེན་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་དང་། དེ་བཞིན་བོད་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་མཛེས་པ། མི་རིགས་ཀྱི་ཡུལ་སྲོལ་མཛེས་པ། བསྟུན་མཁས་སྒོ་དབྱེའི་ཁྱད་ཆོས་བཅས་གང་ལེགས་མངོན་པར་བྱ་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་ཐོག“ནང་དོན་གསར་པ་ལྡན་པ་དང་། ཁྱད་ཆོས་ལྡན་པ། བཀྲག་མདངས་འཚེར་ས་ལྡན་པ། ཤུགས་རྐྱེན་བཟང་པོ་ལྡན་པ། སྤུས་ཚད་ལྡན་པ། ཆུ་ཚད་ལྡན་པ་བཅས་གཉེར་བའི”སྤྱིའི་བླང་བྱ་གཞིར་བཟུང་། དུས་རབས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། རྒྱལ་སྤྱིའི་ཁྱད་ཆོས་བཅས་མངོན་པར་བྱས་ཏེ“བོད་ཀྱི་གཏམ་རྒྱུད”བརྗོད་ནས“ཀྲུང་གོ་གུང་ཁྲན་ཏང་ཡག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་པ། གཙོ་འཛིན་གྱི་སྲོག་ཤིང་ཡག་པ། དུས་རབས་གསར་པ་ཡག་པ”བཅས་ཀྱི་བརྗོད་དོན་ཆེ་མོར་འགྲེལ་བཤད་ཡག་པོ་རྒྱག་རྒྱུ་རེད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ནི་འགོ་ཚུགས་མཛད་སྒོ་དང་། བཞེད་དོན་གཙོ་བོའི་གླེང་སྟེགས། ཡུལ་སྐོར་བྱེད་སྒོ འགྲེམས་སྟོན་ངོམ་སྟོན། ཐོན་རྫས་འགྲེམས་འཚོང་། ཚོང་འགུགས་མ་འདྲེན་དང་རྣམ་གྲངས་གཅིག་སྡུད་གན་འཇོག་མཛད་སྒོ་སོགས་ཀྱི་བྱེད་སྒོ་ལས་གྲུབ་པ་ཞིག་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་བཞེད་དོན་གཙོ་བོའི་གླེང་སྟེགས་ལ་ཀྲུང་དབྱང་ལས་ཁུངས་དང་རྒྱལ་ཁབ་པུའུ་ཨུད་ཀྱི་འགོ་ཁྲིད་གདན་དྲངས་ནས་ཤིས་ཚིག་གསུང་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་རྒྱུ། ཕྱི་རྒྱལ་གྱི་སྲིད་དོན་མི་སྣ་གལ་ཆེན་དང་། ཀྲུང་ཕྱིའི་རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་མཁས་ཅན། གཞོན་ནུའི་ལས་གཏོད་འཐུས་མི་སོགས་སྐུ་མགྲོན་10ལྷག་ཙམ་གྱིས་གཏམ་བཤད་བྱ་རྒྱུ་ཡིན་པ་རེད། “དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པ། གོ་སྐབས་གསར་པ་སྟེ‘ཁུལ་གསུམ་དང་མཐོ་ས་གཅིག’འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་རྣམ་པ་གསར་པ་གཏོད་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་བློ་བསྡུས་དགེ་འཚོལ་དང་ཐབས་འདོན་ཇུས་འབུལ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཡུལ་སྐོར་དང་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྣ་མང་མཉམ་འགུལ་སྤེལ་རེས་ཀྱི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་རེད།

        རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་བཅས་ཡིན་པའི་ཞུས་ཀྲི་ཐའོ་དང་དེ་བཞིན་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་འགན་འཁུར་བློ་མཐུན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཕེབས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་ལག་བསྟར་ཨུ་ལྷན་དྲིལ་བསྒྲགས་ཚོགས་ཆུང་གི་འགན་འཁུར་བློ་མཐུན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1