བོད་ཀྱི་ཕྱུགས་སྨན་རྒྱུད་འཛིན་དང་དར་སྤེལ་གྱིས་ཕྱུགས་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་།
མཛོད་དགེའི་ཨ་ཁུ་ཉི་མའི་མཛད་རྣམ་རགས་བཀོད་ཁག་གཉིས་པ།
རྩྭ་ཐང་ལ་མཚོན་ན་མི་དང་ཕྱུགས་གཉིས་ནི་སེམས་ཅན་ཤིན་ཏུ་གལ་ཆེན་ཡིན་ལ། མི་ནི་ཕྱུགས་ལ་གཅེས་ན་ད་གཟོད་འཚོ་སྡོད་ཡག་པོར་བྱེད་ཐུབ། སྣང་སྲིད་ཀུན་ལ་རྣམ་ཤེས་ལྡན་ཤིང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་གནས་ཡོད། རྣམ་ཤེས་ཀྱི་རྒྱུན་ནི་གཏན་དུ་ཆད་པ་མེད་པར་རྒྱུན་ཆགས་སུ་གནས་ཡོད། རྩྭ་ཐང་གི་མི་རྣམས་ཀྱིས་འཚོ་སྡོད་ཀྱི་རྒྱུན་སྲིང་དགོས་ན། ངེས་པར་འཚོ་རྟེན་དུ་གྱུར་བའི་སེམས་ཅན་སྐྱོང་དགོས།
1958ལོར་དམངས་གཙོ་བཅོས་བསྒྱུར་བྱས་རྗེས། རྗེ་བློ་བཟང་ཉི་མ་མཆོག་དམངས་གཙོ་བཅོས་བསྒྱུར་གྱི་བྱ་གཞག་རླབས་ཆེན་དུ་ཞུགས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་སྐུ་ཉིད་ཀྱི་བདེ་སྐྱིད་ཀྱི་གཞི་རྩར་བརྩིས་ནས། གོང་རིམ་གྱི་བཀོད་སྒྲིག་ལྟར་ཕྱུགས་སྨན་གྱི་འཕྲིན་ལས་བསྐྱངས་ཏེ། འབྲོག་ཁུལ་ལ་ཞབས་འདེགས་དང་བློ་རྩེ་གཅིག་བསྒྲིམས་ཀྱིས་ཆེད་ལས་ཞིབ་འཇུག་གི་ལས་ལ་བརྩོན། ཕྱུགས་ཀྱི་ནད་རིགས་བསལ་ཏེ་མང་ཚོགས་ཀྱི་རྒྱུ་ནོར་འགན་སྲུང་བྱེད་ཆེད། རྗེ་བློ་བཟང་ཉི་མ་མཆོག་གིས་ཕངས་སེམས་མེད་པར་རང་ཉིད་ཀྱི་སྐུ་གཟུགས་ལ་འབེན་ལ་བཞག་སྟེ་སྨན་ནུས་ཚོད་ལྟ་བྱས་ཤིང་། ཚོད་ལྟ་གྲངས་ལས་འདས་པས་དྲན་པ་ཐོར་བའང་གྲངས་ལས་འདས། དེ་ལྟར་བརྩེ་བ་དང་དད་མོས་བརྟན་པོས། བོད་ཀྱི་ཕྱུགས་སྨན་གྱི་གསོ་བ་རིག་པའི་གནད་དོན་རེ་རེ་ལེགས་པར་བསལ་ཏེ། མཐར་གཡུར་ཟས་གྲུབ་འབྲས་དོན་དུ་སྨིན་པས། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཚན་རྩལ་གྲུབ་འབྲས་ཀྱི་བྱ་དགའ་ཐོབ། རིག་པའི་རྣོ་ངར་ལྡན་མཁན་ཁོང་གིས་བོད་ཀྱི་ཕྱུགས་སྨན་བྱ་གཞག་གི་འཚོལ་ཞིབ་དང་ཞིབ་འཇུག ཟབ་སྦྱོང་། སློབ་ཁྲིད་སོགས་རེ་རེ་བཞིན་ལེགས་འགྲུབ་སྒོས། མཐར་མ་ལག་ལྡན་པའི་བོད་ཀྱི་ཕྱུགས་སྨན་གྱི་གསོ་བ་རིག་པའི་ལག་རྩལ་སྤྱི་བསྡོམས་དང་གསུང་རྩོམ་བརྩམས་ཏེ། རྗེས་རབས་པར་ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་རྩ་ཆེན་ཤུལ་ནོར་དུ་བཞག 1960ལོར་རྗེ་བློ་བཟང་ཉི་མས་ཕྱུགས་ལས་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་སྟེ། ཕྱུགས་བཅོས་ས་ཚིགས་སུ་བོད་ཀྱི་ཕྱུགས་སྨན་ཟབ་སྦྱོང་འཛིན་གྲྭ་བཙུགས་ཤིང་། 1970ལོར་དེ་ནི་བཞག་ལྡོམ་ཀུང་ཧྲེ་ལྔ་བདུན་སློབ་གྲྭར་བསྒྱུར།
ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་བོད་ཀྱི་ཕྱུགས་སྨན་རྒྱུད་འཛིན་དང་དར་སྤེལ་གཏོང་བ་རྒྱུན་འཁྱོངས་སྒོས། བོད་ཀྱི་ཕྱུགས་སྨན་རིག་གནས་སྔོག་འདོན་དང་མྱུར་སྐྱོབ། སྲུང་སྐྱོང་། རྒྱུད་འཛིན་དང་དར་སྤེལ་བཅས་ལ་འབད་པའི་རྨང་གཞིའི་སྟེང་། ཚན་རིག་ལྟར་ཕྱུགས་ལས་ཐོན་སྐྱེད་དང་འཕེལ་རྒྱས་ལ་ཁྲིད་སྟོན་དང་སྐུལ་འདེད་བཏང་།
བཞག་ལྡོམ་གྲོང་རྡལ་ཕྱུགས་བཅོས་ས་ཚིགས་ལ་བརྟེན་ཏེ། མཛོད་དགེ་རྫོང་བོད་ཀྱི་ཕྱུགས་སྨན་ཞིབ་འཇུག་ཁང་བཙུགས་ནས། མཛོད་དགེའི་བོད་ཀྱི་ཕྱུགས་སྨན་ལས་ཀའི་ལོ་རེའི་འཆར་གཞི་བཟོ་བ་དང་། སི་ཁྲོན་ཞིང་ཆེན་ཕྱུགས་སྨན་ཚན་རྩལ་ཞིབ་འཇུག་ཁང་གི་བོད་ཀྱི་ཕྱུགས་སྨན་རིག་གནས་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ཀྱི་ཚན་རིག་ཞིབ་འཇུག་རྣམ་གྲངས་སུ་ཞུགས་ཏེ། མཛོད་དགེའི་བོད་ཀྱི་ཕྱུགས་སྨན་གྱི་སྨན་སྦྱོར་དང་སྨན་ཐོ། སྨན་བཅོས་ལག་རྩལ། ནད་ཐོག་ཞིབ་འཇུག བོད་སྨན་ཁྱབ་གདལ། བསྟན་བཅོས་འཚོལ་སྡུད། རིག་གནས་སྔོག་འདོན་དང་སྲུང་སྐྱོང་སོགས་ཀྱི་ལས་དོན་གཉེར་བ་དང་། རྟེན་གཞི་ཆེན་པོ་གསུམ་གྱི་འཛུགས་སྐྱོང་སྟེ་ཐོན་སྐྱེད་ལས་སྣོན་རྟེན་གཞི་དང་ཞིབ་འཇུག་གསར་སྤེལ་རྟེན་གཞི། སློབ་ཁྲིད་ཟབ་སྦྱོང་རྟེན་གཞི་བཅས་དམ་འཛིན་སྒོས། ནུས་ཤུགས་ཡོད་རྒུས་མཛོད་དགེའི་ཡུལ་གྲོང་གི་ཕྱུགས་བཅོས་ས་ཚིགས་ཀྱི་བོད་ཀྱི་ཕྱུགས་སྨན་གྱི་ནད་ཐོག་ལག་ལེན་དང་གསར་སྤེལ་ལ་སྐུལ་འདེད་བཏང་། ཁུལ་ཕྱུགས་ལས་སྨན་བཅོས་ཅུས་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་མཉམ་དུ《བོད་ཀྱི་ཕྱུགས་སྨན་གྱི་ལག་ལེན་ཀུན་བཏུས》དང《ཀྲུང་ལུགས་དང་བོད་ལུགས་ཀྱི་ཕྱུགས་སྨན་ལག་དེབ》རྩོམ་སྒྲིག་གནང་། རྔ་བ་ཁུལ་འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ། རིན་ཚབ་མི་དགོས་པར་ཁུལ་འབྲིང་རིམ་ལས་རིགས་སློབ་གྲྭར་བོད་ཀྱི་ཕྱུགས་སྨན་དངོས་སྦྱོང་རྟེན་གཞི་ས་མུའུ2སྟེར་བ་དང་སྦྲགས། བོད་ཀྱི་ཕྱུགས་སྨན་གྱི་སྨན་རྫས་རིག་པ་དང་སྡེབ་སྦྱོར་རིག་པ། སྨན་རྟ་སྒྲིག་སྦྱོར། གཏེར་དངོས་སྦྱངས་བཙོ་སོགས་ཀྱི་ནང་དོན་གཙོར་བཟུང་བའི་ལག་ལེན་བྱེད་སྒོ་ལེགས་པར་སྤེལ། རྫོང་བོད་ཀྱི་ཕྱུགས་སྨན་གསོ་རིག་མཉམ་འབྲེལ་ལྷན་ཚོགས་དང་རྫོང་བོད་ཀྱི་ཕྱུགས་སྨན་ཞིབ་འཇུག་ཁང་གིས་ལོ་རེ་བཞིན། བོད་ཀྱི་ཕྱུགས་སྨན་གྱི་བསྟན་བཅོས་དང་སྨན་སྦྱོར། སྲོག་ཆགས་ཀྱི་ནད་རིགས་འགོག་བཅོས་ལག་རྩལ་བཅས་སྔོག་འདོན་དང་འཚོལ་སྡུད་བྱས་ཏེ། དེང་རབས་བོད་ཀྱི་ཕྱུགས་སྨན་གྱི་ལས་སྣོན་ལག་རྩལ་གསར་བ་དང་བཟོ་རྩལ་གསར་བ་སྤྱད་ནས། སྡེབ་སྦྱོར་ལེགས་སྒྱུར་གྱིས་བོད་ཀྱི་ཕྱུགས་སྨན་གྱི་སྡེབ་རྫས་ཐོན་སྐྱེད་བྱས་ཏེ། འབྲི་གཡག་དང་བོད་ལུག་གི་རྒྱུན་མཐོང་ནད་རིགས་འགོག་བཅོས་ཀྱི་སྨན་རྫས་གསར་བ་དཔེ་སྟོན་ཁྱབ་གདལ་བཏང་བར་མ་ཟད། གནས་བབ་གསར་བའི་འོག་གི་སྲོག་ཆགས་ཀྱི་རིགས་ནད་འགོག་བཅོས་ལས་ཀའི་དགོས་མཁོར་འབྲེལ་ཏེ། ལོ་བསྟུད་མར་བོད་ཀྱི་ཕྱུགས་སྨན་གྱི་ཆེད་ལས་ལག་རྩལ་འཇོན་མིའི་ནུས་རྩལ་ཟབ་སྦྱོང་གནང་ནས། མཛོད་དགེ་རྫོང་གི་དེང་རབས་ཕྱུགས་ལས་བདེ་བླག་ངང་འཕེལ་བར་རམ་འདེགས་གནང་།
རྗེས་སོར་མཛོད་དགེ་རྫོང་གིས་བོད་ཀྱི་ཕྱུགས་སྨན་གྱི་ཐོན་ཁུངས་ལེགས་ཆ་དང་འཕེལ་རྒྱས་ཀྱི་བག་ཉལ་ནུས་པར་རྐང་ཚུགས་ཏེ། བོད་ཀྱི་ཕྱུགས་སྨན་རིག་གནས་གཙོར་བཟུང་བའི་དུས་རབས་ཀྱི་རིག་གནས་དང་མཐུན་པར། སྲོལ་རྒྱུན་རྒྱུད་འཛིན་གྱི་རྨང་གཞིའི་སྟེང་གསར་གཏོད་དང་དར་སྤེལ་གཏོང་བ་དང་། དུས་ཀྱི་འགྲོས་དང་མཐུན་ལ་ཁ་གཏད་རང་བཞིན་ལྡན་ལ་དངོས་ཡོད་ཀྱི་དགོས་མཁོ་དང་འཚམ་པ་བཅས་ཀྱི་སྒོ་ནས། ལག་རྩལ་ཟབ་སྦྱོང་སོགས་ཀྱི་ལས་དོན་སྤེལ་ཏེ། ཕྱུགས་ལས་ཀྱི་རིམ་སྤར་འཕེལ་རྒྱས་མགྱོགས་སུ་གཏོང་བར་བྱས་རྗེས་དེ་བས་ཆེན་པོར་འཇོག་པར་འབད་རྒྱུ་རེད།