སྤྱི་ཟླ་4པའི་ཚེས་28ཉིན། ཁྲེང་ཏུའུ་གྲོང་ཁྱེར་ཝུའུ་ཧུའུ་ཆུས་ཧྲུའུ་ཧན་སྲང་ལམ་གྱི་དར་དཀར་པོའི་བོད་ཟས་ཁང་དུ་སྦྱིན་བདག་དང་ཞབས་ཞུ་པ་རྣམས་མགྲོན་པོ་སྣེ་ལེན་གྱི་ལས་ལ་བྲེལ་བཞིན་འདུག །
དེ་ཡང་འཛམ་གླིང་གི་ཡང་རྩེར་གནས་པའི་གངས་ཅན་མཐོ་སྒང་གི་ཆ་སྙོམས་མཚོ་འཕགས་སྨི་4000ཡན་ཡིན་ལ། བོད་མི་རིགས་གནས་འདི་རུ་མི་རབས་ནས་མི་རབས་བར་འཚོ་སྡོད་བྱས་པས། ཐུན་མོང་མ་ཡིན་པའི་བཟའ་བཏུང་གོམས་གཤིས་དང་མཐོ་སྒང་གི་ཁྱད་ཆོས་འབུར་དུ་ཐོན་པའི་བཟའ་བཏུང་རིག་གནས་གྲུབ་ཡོད། དེ་བཞིན་མི་རིགས་འགྲོ་འོང་དང་མཉམ་འདྲེས་བྱུང་བ་དང་བསྟུན་ནས། ནང་ལོགས་གྲོང་ཁྱེར་ཆེ་ཁག་ཏུ་བོད་ཟས་དར་བ་དང་། མི་རྣམས་ཀྱིས་ཁྱད་ཆོས་ལྡན་པའི་བོད་ཟས་མྱོང་རོལ་བྱེད་ཞོར་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བག་ཙམ་བྱེད་བཞིན་ཡོད་པ་རེད། ཁྲེང་ཏུའུ་ལ་མཚོན་ན་རིག་གནས་སྣ་མང་འདུས་ཤིང་། གུ་ཡངས་པའི་གྲོང་ཁྱེར་ཞིག་ཡིན་པས། གནས་འདི་ན་བོད་ཟས་རིག་གནས་ཐོན་ལས་ལ་བྲེལ་བའི་ཚོགས་པ་དང་མི་སྒེར་མང་པོ་གཞིས་ཆགས་ཡོད་དེ། ཀརྨ་ཚེ་རིང་ཡང་དེའི་ནང་ནས་གཅིག་ཡིན་པ་རེད།
བོད་ཟས་རྣམ་པ་གསར་གཏོད་བྱེད་ཞོར་བོད་ཟས་ཀྱི་བྲོ་བ་དྭངས་མ་སོར་འཇོག་བྱེད་པ།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་རྗེས་སུ་བོད་དུ་ཡུལ་སྐོར་བྱེད་མཁན་ཇེ་མང་དུ་ཕྱིན་ནས་བོད་ཟས་གཡོས་སྦྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། རྒྱུ་ཆ་གསར་པ་རྒྱུན་ཆད་མེད་པར་ཁ་གསབ་དང་མ་བྱན་གྱི་ལས་ཀར་མཐོང་ཆེན་བྱས་པ། གཡོས་སྦྱོར་ལག་རྩལ་རྒྱུན་ཆད་མེད་པར་སྤེལ་རེས་བྱས་པར་མ་ཟད། ཐ་ན་གཡོས་སྦྱོར་ཆེད་རྩོམ་དཔེ་ཆའང་མི་ཉུང་བ་ཞིག་ཀྱང་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད། ཀརྨ་ཚེ་རིང་གིས་ཀྱང་བོད་ཟས་རིག་གནས་ལ་ཞིབ་འཇུག་དང་འཚོལ་ཞིབ་གཏིང་ཟབ་བྱས་ནས་ཟ་ཁང་དུ་ཚལ་རིགས་མང་དུས་སྣ་ཁ་70ལྷག་ཙམ་གཡོས་སྦྱོར་བྱས་ཡོད་པ་རེད།
ཀརྨ་ཚེ་རིང་གིས་ལོ་ལྔ་པོ་འདིའི་རིང་ཁྲེང་ཏུའུའི་བོད་ཟས་ཀྱི་ཚོང་ཉིན་རེ་ལས་ཉིན་རེར་ཇེ་ཡག་རེད་ཅེས་གསར་འགོད་པ་ལ་བཤད། 2009ལོར་ཁོ་རང་བོད་ལྗོངས་ཆབ་མདོ་ནས་ཁྲེང་ཏུའུ་རུ་ཡོང་བ་དང་། 2010ལོར་གོ་སྐབས་དང་བསྟུན་ནས་བོད་ཟས་ཚོང་ཁང་ཞིག་གཉེར་བ་རེད། དེའི་རིང་དཀའ་ངལ་མང་པོ་འཕྲད་མྱོང་ལ། མ་བྱན་མང་པོ་གདན་ཞུ་བྱས་མྱོང་བར་མ་ཟད། ཚལ་རིགས་ཐད་ལའང་ལེགས་སྒྲིག་མང་པོ་བྱས་ཡོད་མོད། མཐར་ཁོས་བོད་ཟས་དེ་བོད་རང་ཉིད་ཀྱི་ཁྱད་ཆོས་སོར་འཇོག་བྱས་ན་ལེགས་པར་བསམ།
ཀརྨ་ཚེ་རིང་གིས་ཚོད་ལྟ་མང་པོ་བྱས་རྗེས། སྟབས་བདེའི་བྲོ་བ་དང་ཐོག་མའི་བྲོ་བ་དེ་བདམས་པ་རེད། བོད་རིགས་ཀྱིས་བོད་ཟས་ཁྲོད་བྲོ་རྫས་མང་པོ་སྤྱོད་པའི་ལུགས་སྲོལ་མེད་ལ། ཚང་མས་ཟས་རིགས་ཀྱི་བྲོ་བ་ངོ་མ་དེ་རོལ་མྱོང་བྱེད་པར་དགའ། ད་ཆ་ཁོང་གི་ཚོང་ཁང་ནང་སྔོ་ཚལ་སྣ་ཁ་བཅུ་ལྷག་ཙམ་ལས་མེད་པར་མ་ཟད། ད་དུང་རྒྱུན་གཏན་གྱི་ཚལ་རྐྱང་རྐྱང་ཡིན་པ་རེད།
ཀརྨ་ཚེ་རིང་གི་ཚལ་ཐོའི་ནང་གི་ཚགས་ཤ་དང་ནོར་ལྕེ། ནོར་ཤ་རློན་པ། ཐུག་པ། ཞོ་སོགས་ཚང་མ་བོད་རིགས་ཀྱི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་ལྟོ་ཆས་རྐྱང་རྐྱང་ཡིན་ལ། བོད་ཀྱི་སྲོལ་རྒྱུན་བཟའ་བཏུང་གཙོ་བོ་རྩམ་པ་དང་གྲོ་ཞིབ། ཤ་རིགས། འོ་མའི་ཐོན་རྫས་ཡིན་པ་རེད། ཀརྨ་ཚེ་རིང་གིས་སྡེ་དགེ་རྒྱལ་པོའི་ཐུག་པ་དེ་ང་ཚོའི་ཚབ་མཚོན་ཟས་རིགས་ཡིན་ལ། དེ་དུས་ངས་མིང་འདོགས་སྐབས་ལོ་རྒྱུས་སོགས་ལ་བསམ་བློ་ཞིབ་མོ་བཏང་བ་ཡིན། ཐུག་པ་འདི་ནི་སྡེ་དགེ་ནས་ཐོན་པ་ཞིག་རེད། གང་ལགས་ཤེ་ན། དེའི་ནང་གི་རྒྱུ་ཆ་ལྕམ་པའི་ལོ་མ་འདི་སྡེ་དགེ་ཁོ་ནར་ཡོད་པ་ཞིག་ཡིན། དེར་བརྟེན་ངས་སྡེ་དགེ་རྒྱལ་པོའི་ཐུག་པ་ཅེས་མིང་བཏགས་པ་ཡིན་ཞེས་བཤད།
བོད་ཟས་རིག་གནས་ཁྱབ་སྤེལ་བྱེད་ཞོར་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྣེ་ཁྲིད་བྱེད་པ།
དཀར་ཆུའི་ཐོན་རྫས་ལ་རྒྱ་རིགས་ཀྱི་སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་བཞིན་འདུག །དེར་བརྟེན་ད་ཆ་ཁོ་ཚོས་གཉེར་སྐྱོང་བྱ་ཐབས་གསར་པ་འཚོལ་ཞིབ་བྱེད་བཞིན་ཡོད་དེ། འཛད་སྤྱོད་པའི་དགོས་མཁོར་ཞིབ་འཇུག་བྱས་ནས་འཛད་སྤྱོད་པའི་བློ་ལ་འབབ་པའི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད། ཟ་ཁང་གི་ཐོག་བརྩེགས་དང་པོའི་ཚོང་སྟེགས་ཐོག་འབྲོག་ལས་ཐོན་རྫས་སྣ་ཚོགས་བཤམས་ཡོད་ལ། ཀརྨ་ཚེ་རིང་གིས་བཤད་པ་ལྟར་ན། ཚོང་ཁང་ནང་གི་ཞོ་དང་། མར། འོ་མ། ཤ་རིགས་སོགས་ཀྱི་ཐོན་རྫས་ཕྱིར་འཚོང་བྱེད་ཚད་ཧ་ཅང་མཐོན་པོ་ཡོད། ད་དུང་ཐུམ་རྒྱག་ཕྱིར་སྐྱེལ་ཞབས་ཞུ་ཡོད་པས། ཡོང་སྒོ་ཟ་ཁང་ནང་གི་ཡོང་སྒོ་དང་གཅིག་འདྲ་ཆགས་འདུག །འབྲོག་ལས་ཐོན་རྫས་འདི་དག་ས་གནས་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་ཕྱིར་འཚོང་བྱེད་བཞིན་ཡོད་ཅེས་བཤད།
མ་གཞི་དཀར་ཆུའི་ཐོན་རྫས་བཟོ་སྐབས་འོ་མ་དང་མར་དཀྲུགས་སྐབས། བོད་རིགས་བུད་མེད་ཚོས་དཀའ་ལས་ཆེན་པོ་རྒྱག་བཞིན་ཡོད། ལྷག་པར་དུ་དབྱར་དུས་སུ་འོ་མ་ཐོན་མང་བའི་དུས་ཚིགས་སུ་ཉིན་རེར་འོ་མ་ཐེངས་གསུམ་བཞོ་རྒྱུ་ཡོད་པ་དང་། འོ་མ་བཞོ་བ་དང་མར་ལེན་པ་སོགས་དཀའ་ལས་མང་པོ་བརྒྱུད་དགོས། ད་ལྟ་མཉམ་ལས་ཁང་དང་ཕྱུགས་ལས་ལས་སྣོན་བཟོ་གྲྭ་དར་ཁྱབ་ཕྱིན་པས། ངལ་རྩོལ་གྱི་ཁུར་པོ་ཇེ་ཡང་ལ་སོང་ཡོད་པར་མ་ཟད། ཡོང་འབབ་ཀྱང་འཕར་ཡོད་པ་རེད།
ཀརྨ་ཚེ་རིང་གིས་ངའི་ད་ལྟའི་གཉེར་སྐྱོང་བྱེད་སྟངས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་འཐུས་ཚང་དུ་གཏོང་དགོས། ཕྱོགས་གཅིག་ནས་ངས་ད་ལྟ་ཐུམ་སྒྲིལ་བརྒྱབ་ནས་ཕྱིར་སྐྱེལ་བྱེད་བཞིན་ཡོད། ཆེད་ལས་ཀྱི་ཕྱིར་འཚོང་ལས་སྟེགས་གཏོད་ཐུབ་མེད་མོད། འོན་ཀྱང་ཉེ་འགྲམ་གྱི་ངོ་ཤེས་དག་ལ་སྡེབ་སྐྱེལ་བྱེད་ཀྱི་ཡོད། ངའི་ཐུམ་སྒྲིལ་རྒྱུ་ཆ་ནི་ཁོར་ཡུག་སྲུང་སྐྱོང་གིས་ཚུར་བསྡུ་བྱེད་ཆོག་པའི་རྒྱུ་ཆ་རྐྱང་རྐྱང་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་ས་གནས་ཀྱི་ཞིང་འབྲོག་ཐོན་རྫས་ལས་སྣོན་བཟོ་གྲྭ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ན་གཉིས་ཁེ་ཡོང་བའི་གོ་སྐབས་ཤིག་ཀྱང་ཡོད་ཅེས་བཤད་པ་རེད།
དཔལ་འབྱོར་འཕེལ་རྒྱས་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། ཕྱི་ཕྱོགས་སྒོ་འབྱེད་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་མི་རིགས་རིག་གནས་སྤེལ་རེས་དར་རྒྱས་སོང་བ་དང་བསྟུན་ནས་བོད་རིགས་ཀྱི་བཟའ་བཏུང་རིག་གནས་གྲོང་ཁྱེར་དུ་སྤེལ་བཞིན་ཡོད་པ་རེད། ཀརྨ་ཚེ་རིང་གིས། 2019ལོར་ཁྲེང་ཏུའུ་རུ་བོད་ཟས་ཚོང་ཁང་ཆེ་ཆུང་200ལྷག་ཡོད་ལ། དུས་ད་ལྟ་ཇེ་མང་ནས་ཇེ་མང་འགྲོ་བཞིན་འདུག་ཟེར།
དེ་ཡང་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཉེ་སྔོན་ཁྲེང་ཏུའུ་རུ་མཚོ་བོད་མཐོ་སྒང་གི་བཟའ་བཏུང་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཏེ། ས་གནས་སོ་སོའི་བོད་ཀྱི་བཟའ་བཏུང་ལས་རིགས་ཀྱི་མི་སྣ་མང་པོ་མཉམ་དུ་འཛོམས་ཤིང་། ཁོང་ཚོའི་ཐུན་མོང་གི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོས་ཐུན་མིན་རིག་གནས་འདི་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་ནོ། །