ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-19


ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་ནན་བཤད་གནང་དོན།

རྒྱལ་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་གཙོ་རྒོལ་ཁ་ཕྱོགས་གསལ་པོ་བཟོས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པའི་ཧྲའན་ཤིས་ཀྱི་ལེའུ་ཧུར་ཐག་རྩོམ་དགོས།

ལམ་བར་དུ་ཧྲན་ཤིས་ཡུན་ཁྲེང་ལ་རྟོག་ཞིབ་གནང་བ། ཚའེ་ཆི་སྙན་སེང་ཚོགས་འདུར་ཞུགས་པ་དང་འབྲེལ་ཕེབས་རོགས་ཞུས་ནས་རྟོག་ཞིབ་གནང་བ།

        

ཟླ་5ཚེས་17ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གཙོ་སྐྱོང་མ་གནང་གོང་། ཆེད་མངགས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།

ཟླ་5ཚེས་16ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གཙོ་སྐྱོང་གནང་བར་ཕེབས་ལམ་དུ་ཧྲན་ཤིས་ཡུན་ཁྲེང་གི་རྟེན་རྫས་བཤམས་མཛོད་ཁང་དུ་རྟོག་ཞིབ་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་ཧྲའན་ཤིས་ཤིས་ཨན་དང་ཧྲན་ཤིས་ཡུན་ཁྲེང་ནས་ཟླ་5ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། ཧྲའན་ཤིས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པར་སྐུལ་འདེད་གཏོང་བའི་ཁྲོད་དཔའ་ངར་ཆེར་བསྐྱེད་དང་དུས་རབས་ཀྱི་གདོང་ལེན་པ་ཞིག་བྱེད་པའི་ཆོད་སེམས་དང་བློ་སྟོབས་ལྡན་པ་དང་། རྗེས་སྙེག་ཧུར་ཐག་དང་ཚད་བརྒལ་ཕོད་པ་བྱས་ནས་ནུབ་རྒྱུད་ས་ཁུལ་དུ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ལས་འགན་ཨང་དང་པོ་ཡིན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་པ། རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་པ། ཧྲའན་ཤིས་ཀྱི་དོན་དངོས་ལ་གཞི་ཚུགས་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ། གཙོ་རྒོལ་ཁ་ཕྱོགས་གསལ་པོ་བཟོ་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐད་རང་འགུལ་ངང་མཉམ་འདྲེས་དང་ཞབས་ཞུ་བཅས་བྱས་ཏེ་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ཚད་བརྒལ་གསར་པ་མངོན་འགྱུར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པའི་ཧྲའན་ཤིས་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

        ཟླ་5ཚེས་17ཉིན། ཞི་ཅིན་ཕིང་གིས་ཤིས་ཨན་དུ་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་གཙོ་སྐྱོང་མ་གནང་གོང་། ཆེད་མངགས་ཧྲའན་ཤིས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ཞིང་། ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་དབྱི་ཏེས་སྙན་སེང་ཞུས་པ་དང་ཧྲེང་ཀྲང་ཀྲའོ་ཀང་སོགས་སྙན་སེང་ཚོགས་འདུར་ཞུགས་ཡོད་པ་རེད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་ཧྲའན་ཤིས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་བ་རེད།

        ཞི་ཅིན་ཕིང་གིས་བསྟན་དོན། ཧྲའན་ཤིས་ཀྱིས་རྗེས་སྙེག་ཚད་བརྒལ་ཡོང་བ་བྱེད་པར། ངེས་པར་དུ་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་པར་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། རང་ངོས་ཀྱི་ཐོན་ལས་རྨང་གཞི་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་ཤུགས་རྒྱག་ས་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས། སྲོལ་རྒྱུན་གྱི་ལེགས་ཆ་ཆེ་བའི་ཐོན་ལས་ཀྱི་སྔོན་ཐོན་གནས་བབ་བརྟན་དུ་གཏོང་བ་དང་ཆབས་ཅིག ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་ཕོད་པ་བྱས་ནས་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་སྐྱེད་སྲིང་བྱེད་དགོས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དང་། སྲོལ་རྒྱུན་ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་རིམ་སྤོར་སྒྱུར་བཀོད་མགྱོགས་སུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ། རིག་ནུས་ཅན་དང་། ལྗང་མདོག་ཅན། མཉམ་འདྲེས་ཅན་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་འཐུས་ཚང་རང་བཞིན་དང་། སྔོན་ཐོན་རང་བཞིན། བདེ་འཇགས་རང་བཞིན་བཅས་ཀྱི་བླང་བྱ་དང་འཚམ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་གཏོད་པ་བཅས་བྱས་ཏེ། དེང་རབས་ཀྱི་ནུས་ཁུངས་ཐོན་ལས་ཁྱུ་ཚོགས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་མདུན་གྲལ་ལ་དམིགས་ཏེ། རྒྱལ་ཁབ་ཀྱི་ཚན་རྩལ་རྣམ་གྲངས་གལ་ཆེན་ལག་བསྟར་དང་འགག་རྩའི་ལྟེ་བའི་ལག་རྩལ་དེ་བས་མང་བ་འགག་སྒྲོལ་ཐུབ་པར་བྱས་ནས“རྒྱལ་ཁབ་ཀྱི་མཆོག་ནོར”དེ་བས་མང་པོ་གཏོད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་ཡོད་པས། ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་རིམ་གྱིས་ཆུང་དུ་གཏོང་དགོས། རྫོང་གྲོང་གིས་གཞི་རྟེན་གལ་ཆེན་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་སྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྫོང་གྲོང་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་དང་། རྨང་གཞིའི་སྤྱི་པའི་ཞབས་ཞུ་ལེགས་སུ། ཐོན་ལས་ཀྱི་ལེ་ལག་ནུས་པ་ཆེ་རུ་བཅས་གཏོང་བ། ཕྱོགས་བསྡུས་ཐེག་ནུས་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་རྫོང་གྲོང་གི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་འདོན་སྤེལ་བཅས་བྱེད་དགོས། ཡུལ་བབ་དང་བསྟུན་ནས་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཕེལ་རྒྱས་གཏོང་བ་དང་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། རྫོང་གྲོང་གིས་ལྟེ་བར་བྱེད་པ་དང་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་མཚམས་ཚིགས་སུ་བྱེད་པའི་རྫོང་ཁོངས་ཀྱི་དཔལ་འབྱོར་མ་ལག་སྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྒྱུ་གཙོ་བོ་འདྲ་མཉམ་ངང་བརྗེ་རེས་དང་ཕྱོགས་གཉིས་འཁོར་སྐྱོད་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་ཐོན་ཁུངས་གཞི་རྒྱུ་གཙོ་བོ་གོ་རིམ་ལྡན་པའི་ངང་གྲོང་གསེབ་ཏུ་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡངས་སུ་གཏོང་དགོས། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་མུ་མཐུད་ཟབ་ཏུ་གཏོང་བ་དང་། སྲོལ་རྒྱུན་གྲོང་ཚོ་དང་གྲོང་གསེབ་ཀྱི་ཁྱད་ལྡན་རྣམ་པ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཤེས་དཔལ་གྱི་གྲོང་སྲོལ་སྐྱེད་སྲིང་བྱེད་དགོས། འགུལ་རྣམ་ལྟ་ཞིབ་ཚད་ལེན་མུ་མཐུད་ལག་བསྟར་དང་དབུལ་སྒྲོལ་ས་ཁུལ་གྱི་ནང་སྐྱེས་འཕེལ་རྒྱས་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུངས་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་རྣམ་པའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་བྱས་ནས་ནམ་མཁའ་གཡའ་དག་པ་དང་། ཆུ་མོ་དྭངས་བ། ས་གཞི་རྡུལ་དག་པ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་མུ་མཐུད་ཡག་པོ་རྒྱག་དགོས། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དེ་ཧྲའན་ཤིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞིར་བྱེད་པ་དང་། རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་དང་འབྲེལ་ཡོད་འཆར་འགོད་ལག་བསྟར་ནན་པོ་བྱེད་པ། ས་ཆུ་ཤོར་བ་དང་ཐང་རྒོད་ཅན་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ། ཞིང་ལས་ཀྱི་སྦགས་བཙོག་དང་། བཟོ་ལས་ཀྱི་སྦགས་བཙོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་སྦགས་བཙོག་བཅས་འགོག་བཅོས་དང་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ཟབ་གཏོང་བཅས་བྱས་ནས་རྨ་ཆུའི་མ་ཡུམ་ཆུ་བོ་སྲུང་སྐྱོང་ཡག་པོ་བྱེད་དགོས། ཆིན་ལིན་གྱི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་སྲུང་སྐྱོང་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྟབས་བསྟུན་ངང་གྲལ་བཤེར་བཅོས་སྒྲིག་ཡག་པོ་བཅས་བྱས་ནས་རང་རྒྱལ་གྱི་ལྟེ་བའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་ཡག་པོ་བྱེད་དགོས། ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭའི་ཆུ་ཁུངས་ཁུལ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་ནས“དྭངས་ཤིང་གཙང་བའི་ཆུ་མོ་མུ་མཐུད་བྱང་འདྲེན་ཐུབ་པའི”འགན་ལེན་བྱེད་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་ནང་ཁུལ་སྐམ་སའི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་སྐྲུན་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར། དེ་བས་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུ་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྣམ་པ་ཆེན་པོ་དང་དེ་བས་མཉམ་འདྲེས་གཏིང་ཟབ་བྱེད་པ། ནང་ཁུལ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཁྲོད་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་ཅན་གྱི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རིམ་པ་མཐོ་བ་དང་ནུས་པ་ཆེ་བའི་སྒོ་དབྱེའི་ལས་སྟེགས་ཧུར་ཐག་སྐྲུན་དགོས།

        ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏང་ཡོངས་སུ་གཏིང་ཟབ་ངང་སྤེལ་བཞིན་ཡོད་པས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ངེས་པར་དུ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་ཤུགས་སྣོན་བརྒྱབ་སྟེ། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ་བྱེད་པར། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཁྲོད་ནས་ཆོས་ཉིད་རྟོགས་པ་དང་། ཁ་ཕྱོགས་ཤེས་པ། བྱ་ཐབས་སྦྱོང་བ། བློ་གྲོས་འཕེལ་བ་བཅས་བྱས་ནས་ཁྱིམ་སྐྱོང་གི་ནུས་རྩལ་ཆེ་ཤོས་དང་། ཏང་དར་རྒྱས་གཏོང་བའི་འཇོན་ཐང་། རྒྱལ་སྟོབས་ཀྱི་འཇོན་ཐང་བཅས་སྦྱོང་ཐུབ་པར་བྱེད་དགོས། གཅིག་ནས་ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་ཏང་དང་མི་དམངས་ཀྱི་ལངས་ཕྱོགས་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་བསྟུན་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འདོན་པ། བྱ་བ་སྒྲུབ་པ་བཅས་བྱེད་མཁས་པོ་དང་། རྙོག་འཛིང་ཆེ་བའི་གནད་དོན་ཁྲོད་ནས་བྱ་དངོས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། ཐོན་ཉེར་ཡོད་པའི་གནད་དོན་ཁྲོད་ནས་བྱ་དངོས་ཀྱི་འཕེལ་ཕྱོགས་རང་བཞིན་མཐོང་བ། སྟེས་དབང་གི་གནད་དོན་ཁྲོད་ནས་བྱ་དངོས་ཀྱི་ལྡོག་མེད་རང་བཞིན་ཤེས་རྟོགས་བཅས་མཁས་པོ་བྱེད་པ། རྙོག་འཛིང་དུས་བབ་ཀྱི་ཁ་ལོ་གཅུན་ཐུབ་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཅིག་སྒྲིལ། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བཅས་མཁས་པོ་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་ཆབ་སྲིད་ཐད་ཀྱི་གོ་ཤེས་ཅན་ཞིག་དངོས་འབྲེལ་བྱེད་དགོས། གཉིས་ནས་བསམ་གཞིག་གི་ནུས་པ་ཆེ་རུ་བཏང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་རང་ཉིད་ཀྱི་ཚན་རིག་དང་མཐུན་པའི་བསམ་བློའི་བྱེད་ཐབས་སུ་འགྱུར་བ་བྱེད་པ་དང་འབྲེལ་གནད་དོན་ཞིབ་འཇུག་དང་གནད་དོན་ཐག་གཅོད་བྱེད་ཐབས་སུ་བརྩིས་ནས་འཐབ་ཇུས་དང་། རྩོད་སྒྲུབ། བརྒྱུད་རིམ། གསར་གཏོད། ལོ་རྒྱུས། ཁྲིམས་སྐྱོང་། མཐའ་ཚད་བཅས་ཀྱི་བསམ་གཞིག་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། བྱ་དངོས་ཀྱི་ངོ་བོ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། ལས་ཀའི་འགག་རྩ་ཁོང་དུ་ཆུད་པ། སྲིད་ཇུས་ཀྱི་ཚད་གཞི་ཁོང་དུ་ཆུད་པ་བཅས་བྱས་ནས་ལས་ཀའི་ཚན་རིག་དང་མཐུན་པའི་རང་བཞིན་དང་། སྔོན་མཐོང་རང་བཞིན། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་གཏོང་དགོས། གསུམ་ནས་ལག་ལེན་གྱི་ནུས་པ་ཆེ་རུ་བཏང་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་བཟང་པོ་དར་སྤེལ་གཏོང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པའི་ལག་ལེན་གྱི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཉེན་ཁ་འགོག་སེལ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དང་འཐབ་རྩོད་ཀྱི་འཇོན་ཐང་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ། ཉེན་ཁ་འགོག་པ་དང་། འགྲན་སློང་བསུ་བ། གནོན་ཤུགས་འགོག་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། དུས་ཐོག་ཏུ་ཤེས་བྱའི་སྟོང་ཆ་གསབ་པ་དང་། བྱང་ཚད་ཀྱི་ཞན་ཆ་གསབ་པ། ནུས་པ་ཆུང་ས་ཆེར་གཏོང་བཅས་བྱས་ནས་ཆེད་ལས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཧྲའན་ཤིས་ཀྱིས་རང་ངོས་ཀྱི་ལོ་རྒྱུས་རིག་གནས་ཐོན་ཁུངས་དང་གསར་བརྗེའི་རིག་གནས་ཐོན་ཁུངས་ཡག་པོ་སྤྱད་དེ་ཏང་འཛུགས་ཀྱི་སྙིང་སྟོབས་དང་ཡན་ཨན་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས།

        ཞི་ཅིན་ཕིང་གིས་རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་དང་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། ཟླ་5ཚེས་16ཉིན་གྱི་ཕྱི་དྲོ། ཧྲའན་ཤིས་སུ་ཕེབས་པའི་ལམ་བར་དུ་ཞི་ཅིན་ཕིང་མེ་འཁོར་ནས་བབས་ཏེ་ཧྲན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལན་ཧྥུའུ་ཨན་དང་ཧྲེང་ཀྲང་ཅིན་ཤང་ཅུན་གྱི་ཕེབས་རོགས་འོག་སྔ་རྗེས་སུ་ཡུན་ཁྲེང་རྟེན་རྫས་བཤམས་མཛོད་ཁང་དང་ཡུན་ཁྲེང་ཚྭ་མཚོར་རྟོག་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་རྟེན་རྫས་བཤམས་མཛོད་ཁང་དུ་རྩ་ཆེའི་རིག་དངོས་དང“རྒྱལ་ཁབ་ཀྱི་མཆོག་ནོར”མང་པོ་ཡོད་པ་དེ་དག་གིས་རང་རྒྱལ་གྱི་ལོ་ངོ་ཁྲི་བརྒྱའི་མིའི་རིགས་ཀྱི་ལོ་རྒྱུས་དང་། ལོ་ངོ་ཁྲི་གཅིག་གི་རིག་གནས་ཀྱི་ལོ་རྒྱུས། ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་བཅས་ར་སྤྲོད་ཐུབ་པས། ཀྲུང་ཧྭའི་ཤེས་དཔལ་གྱི་འབྱུང་ཁུངས་འཚོལ་ཞིབ་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ཤེས་དཔལ་ལོ་རྒྱུས་ཞིབ་འཇུག་གཏིང་ཟབ་ཀྱི་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས། སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་། དོ་དམ་ལ་ཤུགས་སྣོན། རིན་ཐང་སྔོག་འདོན། བེད་སྤྱོད་ནུས་ལྡན། རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་བཅས་སྐོར་གྱི་ཏང་ཀྲུང་དབྱང་གི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

        ཡུན་ཁྲེང་ཚྭ་མཚོར་ལོ་ངོ་4600ལྷག་ཙམ་གྱི་སྔོག་འདོན་ལོ་རྒྱུས་ལྡན་པ་མ་ཟད། མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་པ་དང་ལོ་རྒྱུས་ཀྱི་རིན་ཐང་གལ་ཆེན་ལྡན་ཡོད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་སྲུང་སྐྱོང་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་དང་། “ཚྭ་དོར་མཚོ་གསོའི”བྱེད་ཐབས་ལག་བསྟར། ཚྭ་མཚོའི་སྲུང་སྐྱོང་ཁྱབ་ཁོངས་ཀྱི་བཟོ་ལས་ཐོན་སྐྱེད་མཐའ་དག་མཚམས་འཇོག་བཅས་བྱས་ནས་ཡུལ་བབ་དང་བསྟུན་པའི་ངང་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། ཞི་ཅིན་ཕིང་གིས་འགྲེམས་པང་དང་འགྲེམས་དངོས་སོགས་དང་ཟུང་འབྲེལ་གྱིས་འབྲེལ་ཡོད་གནས་ཚུལ་གྱི་ངོ་སྤྲོད་གསན་པ་མ་ཟད། ས་གནས་ས་ཐོག་ཏུ་ཚྭ་མཚོའི་རྣམ་པར་གཟིགས་ཞིབ་ཀྱང་གནང་ཞིང་། ཁོང་གིས་ཚྭ་མཚོའི་སྐྱེ་ཁམས་རིན་ཐང་དང་ནུས་པ་སྔར་བས་གལ་ཆེན་དུ་འགྱུར་བཞིན་ཡོད་པས། སྲུང་སྐྱོང་དང་བེད་སྤྱོད་ཀྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ཏེ་ཚྭ་མཚོའི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་དང་དེའི་སྐྱེ་ཁམས་ནུས་པ་རིམ་གྱིས་སླར་གསོ་དང་དེའི་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་དེ་བས་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་སྙན་སེང་ཚོགས་འདུར་ཞུགས་པ་དང་འབྲེལ་རྟོག་ཞིབ་གནང་སྐབས་མཉམ་དུ་ཕེབས་ཡོད་པ་རེད།

        ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སྙན་སེང་ཚོགས་འདུར་ཞུགས་པ་དང་འབྲེལ་ཕེབས་རོགས་ཞུས་ནས་རྟོག་ཞིབ་གནང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་གསུམ་པའི་འགན་འཁུར་བློ་མཐུན་སྙན་སེང་ཚོགས་འདུར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1