མཛོད་དགེ་རྫོང་གིས་རྟ་རྒྱུག་དུས་ཚིགས་བསུས།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-24



        ཉེ་ཆར་མཛོད་དགེའི་རྩྭ་ཐང་ཆེན་མོའི་གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན།  རྫོང་ཡོངས་ཀྱི་ས་གནས་སོ་སོར་རྟ་རྒྱུག་འགྲན་སྡུར་ཆེ་མ་ཆུང་གསུམ་ཚ་ཚ་འུར་འུར་དུ་སྤེལ་བཞིན་པས།  དཔའ་ངར་ལྡན་ཞིང་གསོན་ཤུགས་རྒྱས་པའི་མཛེས་ལྗོངས་ཀྱི་རྣམ་པ་ཐུན་མོང་མ་ཡིན་པ་ཞིག་ལྷུན་གྱིས་གྲུབ།

        བོད་མི་རིགས་ལ་འོད་སྟོང་འབར་བའི་སྲོལ་རྒྱུན་རིག་གནས་འཛོམས་ཤིང་།  དེར་ལུས་རྩལ་རིག་གནས་ཕུན་སུམ་ཚོགས་པར་ལྡན་ཏེ།  གཙོ་བོ་རྟ་རྒྱུག་དང་མདའ་འཕེན།  སྦེ་ག  རི་འཛེག  གཡག་རྒྱུག  རྡོ་ཕུང་ཡར་འགྱོག  བོད་འགྱིག་སོགས་ཡོད།  ལུས་རྩལ་རྣམ་གྲངས་འདི་དག་བདེ་ཐང་ལ་བློ་རིག་བསྐྱེད་པར་ཕན་པས་ཁྱབ་རྒྱ་ཤིན་ཏུ་ཆེ།  མཛོད་དགེའི་རྩྭ་ཐང་ཆེན་མོའི་རྟ་རྒྱུག་ནི།  མི་རིགས་ཀྱི་ཁྱད་ཆོས་དང་ལུས་རྩལ་གྱི་འགྲན་རྩལ་གཅིག་ཏུ་འདུས་པའི་བྱེད་སྒོ་ཞིག་ཡིན་པས།  རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

        གསར་འགོད་པས་མཐོང་བ་ལྟར་ན།  བྱམས་མེ་གྲོང་རྡལ་བུམ་སྐོར་སྡེ་བར་འབྲོག་པ་རྣམས་ས་ལ་བསྡད་ནས་གཟབ་ནན་ངང་རྟ་རྒྱུག་ར་བའི་གནས་ཚུལ་ལ་དོ་ཁུར་བྱེད་བཞིན་ཡོད།  འདོ་བ་རྟ་མཆོག་དང་སྐྱ་མི་རྩལ་ལྡན་གྱིས་ཀུན་ཀྱི་མིག་དབང་ཅིག་ཅར་ཏུ་འཕྲོག  རྒྱུས་ལོན་པ་ལྟར་ན།  ལོ་རེའི་ཟླ་ལྔ་པ་ཡས་མས་སུ་བྱམས་མེ་གྲོང་རྡལ་གྱི་འབྲོག་པ་རྣམས་བུམ་སྐོར་སྡེ་བའི་རྟ་རྒྱུག་ར་བར་འཛོམས་ཏེ།  རང་འགུལ་གྱིས་རྟ་རྒྱུག་བྱེད་སྒོ་སྤེལ།  དེ་ལས་སྨི1000ཅན་དང3000ཅན་སོགས་འགྲན་སྡུར་རྣམ་གྲངས་སྣ་ཚོགས་ཡོད་ལ།  རྟ་རྒྱུག་བྱེད་སྒོ་ཧྲིལ་བོ་གཅིག་ནི་སྤྱིར་བཏང་དུས་ཡུན་ཉིན་གསུམ་ཡིན་ལ།  སྐབས་དེར་ཚང་མ་གཅིག་ཏུ་འཛོམས་ཏེ་དགའ་བའི་དཔལ་ལ་རོལ་ངེས།

        བྱམས་མེ་གྲོང་རྡལ་བུམ་སྐོར་སྡེ་བའི་སྡེ་དམངས་ཕུན་སྲུང་གིས་བཤད་རྒྱུར།  ཐེངས་འདིའི་རྟ་རྒྱུག་བྱེད་སྒོར་འགྲན་སྡུར་རྣམ་གྲངས་མང་བོ་ཡོད་ལ།  འགྲན་ཞུགས་མི་སྣ་ཚང་མ་བྱམས་མེ་གྲོང་རྡལ་ནས་ཡོང་བའི་འབྲོག་པ་ཡིན།  བྱེད་སྒོར་ཞུགས་མཁན་མི་གྲངས་ཅུང་མང་ལ་བྱེད་སྒོའི་དུས་ཡུན་ཉིན་གསུམ་ཡིན་ཟེར།

        ས་གཞིས་སྔོ་ལྗང་གི་ན་བཟའ་གསར་བ་བཀླུབས་ཤིང་དབྱར་རླུང་འཇམ་པོས་ཀུན་ལ་བདེ་བ་སྟེར།  མཛོད་དགེའི་རྩྭ་ཐང་ཆེན་མོའི་རྟ་རྒྱུག་དུས་ཚིགས་སླེབས་པ་འདིས།  རིག་གནས་སྣ་ཚོགས་ཀྱི་གསོལ་སྟོན་གཅིག་རྗེས་གཉིས་མཐུད་དུ་བཤམ་མགོ་བརྩམས་པས།  ཕྱོགས་བཞི་མཚམས་བརྒྱད་ཀྱི་མི་རྣམས་མགྲོན་དུ་བསུ་བའི་མཛེས་སྡུག་ཡིད་དུ་འོང་བའི་རྫོགས་ལྡན་དུས་བཟང་ཞིག་གོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1