དར་མདོའི་ས་ག་ཟླ་བའི་ཕག་མོ་རིའི་གནས་སྐོར་དུས་ཆེན་གྱི་འགོ་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-30


        སྤྱི་ཟླ5ཚེས26ཉིན་ཏེ་ལུགས་རྙིང་ཟླ་བཞི་པའི་ཚེས་བརྒྱད་ཉིན། 2023ལོའི་དར་མདོའི“ཟླ་བཞི་པའི་ཚེས་བརྒྱད”ཕག་མོ་རིའི་གནས་སྐོར་འདུ་ཚོགས་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་དམངས་སྲོལ་རིག་རྩལ་བྱེད་སྒོ་དུས་ཐོག་ཏུ་སྤེལ་བ་རེད། བྱེད་སྒོ་དེ་ཀྲུང་གུང་དར་མདོ་གྲོང་ཁྱེར་ཏང་ཨུ་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་ཡིན་ལ། “དྲིན་ཚོར་རིག་གནས”ལྔའི་གཙོ་དོན་བྱེད་སྒོ་སྤེལ་ནས་ཚང་མར་ངོ་མཚར་འབུམ་གྱིས་ཕྱུག་པའི་དམངས་སྲོལ་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

        ཉིན་དེའི་སྔ་དྲོར་ཕག་མོ་རིའི་གདན་ཐོག་ན་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་རྣམས་ལྷན་དུ་འཛོམས་པ་དང་། 2023ལོའི་དར་མདོའི“ཟླ་བཞི་པའི་ཚེས་བརྒྱད”ཕག་མོ་རིའི་གནས་སྐོར་འདུ་ཚོགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་དམངས་སྲོལ་རིག་རྩལ་བྱེད་སྒོ་འགོ་ཚུགས་ཤིང་། ཨ་ཅེ་ལྷ་མོའི་བཀྲ་ཤིས་ཞོལ་པའི་སྲོལ་རྒྱུན་ཟློས་གར་གྱིས་ལྟད་མོ་བ་རྣམས་ལ་སྨོན་འདུན་བཟང་པོའི་རྟེན་འབྲེལ་གྱི་འགོ་བརྩམས་པ་དང་། དེ་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མའོ་ཡུན་ཀང་གིས་དར་མདོའི་མཛའ་གཞས་དང་། བྱིས་པའི་གླུ་གཞས་མཉམ་གཏོང་ཚོགས་པའི་དར་མདོའི་མཛའ་གཞས། རྡོ་རྗེ་དཔལ་མོའི་ལ་གླུའི་གྲེ་འགྱུར་སྙན་མོ་དང་། དར་མདོའི་རོལ་དབྱངས་ཚོགས་པ་གྲགས་ཅན་གྱི་གཞས་པ་གཙོ་བོ་གཡུང་དྲུང་མཚོའི་སྙན་འཇེབས་ཀྱི་གླུ་དབྱངས། མི་ཉག་བུ་མོའི་ཚན་སྡེབ་དང་སྐྱ་གད་སྐོར་བྲོ་རུ་ཁག་གི་མི་ཉག་ལ་གླུ་དང་མི་ཉག་སྐོར་བྲོ་སོགས་དང་། དེ་བཞིན་ན་གཞོན་གཞས་པ་གྲགས་ཅན། འཁྲབ་སྟོན་པ་བཀྲ་ཤིས་དོན་གྲུབ་ཀྱི་དར་མདོའི་མཛའ་གཞས་དང་ཁྲོན་བོད་གཞུང་ལམ། བོད་ཀྱི་རོལ་དབྱངས་གཞས་མ་གཏམ་ཚན་སྡེབ་ཨ་ནུ་རིང་ལུགས་སོགས་ཀྱིས་སྙན་པའི་གླུ་དང་དགའ་བའི་བྲོ་འཁྲབ་ནས་དུས་ཡུན་ཆུ་ཚོད་གཉིས་ལྷག་གི་རིག་རྩལ་འཁྲབ་སྟོན་བྱས་པས་གདན་ཐོག་ན་ཐལ་མོའི་རྡེབ་སྒྲ་དང་། དགའ་འབོད་ཀྱི་ཀི་སྒྲས་ཡོངས་སུ་ཁེངས།


        བྱེད་སྒོ་ལས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རིན་ཆེན་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དར་མདོ་གྲོང་ཨུའི་ཧྲུའུ་ཅི་ཡན་ལེ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཁྲེན་པོ་ཐའོ་དང་ཧོ་ཞའོ་ཕིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་བཅས་བྱེད་སྒོར་ཞུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1