༄༅། །མདོ་དབུས་མཐོ་སྒང་གི་གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོའི་དཔེ་རིས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-30



        མདོ་དབུས་མཐོ་སྒང་ནི“སའི་གོ་ལའི་ཐོག་གི་ཆེས་དམིགས་བསལ་གྱི་ས་གཤིས–ས་ཁམས–ཐོན་ཁུངས–སྐྱེ་ཁམས་ཚན་པ་ཡིན་ཞིང་། དེ་ནི་སའི་གོ་ལའི་རིམ་འགྱུར་དང་ཁྱུད་རིམ་བར་གྱི་ཕན་ཚུན་ནུས་པ། སྣོད་བཅུད་འབྲེལ་བ་བཅས་ལ་ཞིབ་འཇུག་བྱེད་པའི་རང་བྱུང་ཚོད་ལྟ་ཁང”ཞིག་ཡིན་པར་མ་ཟད། ད་དུང“སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་དང་འཐབ་ཇུས་ཐོན་ཁུངས་གསོག་ཉར་གྱི་རྟེན་གཞི་གལ་ཆེན”ཞིག་ཀྱང་ཡིན།

མདོ་དབུས་མཐོ་སྒང་།

        མདོ་དབུས་མཐོ་སྒང་གི་ས་གཤིས་ལོ་རྒྱུས་ཀྱིས་དམིགས་བསལ་ཁྱད་ཆོས་ལྡན་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་འདི་བསྐྲུན་ཡོད་པ་དང་། གནའ་བོའི་སྐྱེ་དངོས་རིག་པ་ནི་ངོ་མཚར་གྱི་གོ་རིམ་འདིར་ཁུངས་འདེད་བྱེད་པའི་ཐབས་ལམ་གཅིག་པུ་ཡིན་ཞིང་། ཐབས་ལམ་འདི་ཡིས་ཚན་རིག་གི་དཔང་དངོས་ལ་བརྟེན་ནས་མདོ་དབུས་མཐོ་སྒང་གི་ཁ་སང་དང་དེ་རིང་གཉིས་སྦྲེལ་ཡོད།

གཅིག འགྱུར་རྡོའི་ཐོན་ཡུལ་ཕུན་སུམ་ཚོགས་ཤིང་བདེན་ཁ་ཆེ་བའི་ས་གཤིས་དང་ས་རིམ་རིག་པའི་ཆ་འཕྲིན།

བོད་ལྗོངས་བྱང་ཐང་གི་ལྷུན་པོ་ལ་གཞོང་སའི་མདའ་ཡུལ(达玉)གྱི་བཅད་ངོས།

        གཙང་བོ་དང་མཚེའུ་ཡི་མགོ་ཁུངས་ས་ཁུལ་གྱི་འགྱུར་རྡོའི་ཐོན་ཡུལ་གཙོ་བོ་སྟེ། མངའ་རིས་ས་ཁུལ་གྱི་རྩ་མདའ་གཞོང་ས་དང་། བོད་ལྗོངས་བྱང་ཐང་གི་ལྷུན་པོ་ལ་དང་ཉི་མ་གཞོང་ས་བཅས་གསུམ་ཡོད།



ལྷུན་པོ་ལ་གཞོང་སའི་ཁྲ་འབུར་ལེ(车布里)ཡི་བཅད་ངོས།

ལྷུན་པོ་ལ་གཞོང་སའི་རྐྱང་ལོང་ཐང་དཀར(江弄淌嘎)གྱི་བཅད་ངོས།

མངའ་རིས་ས་ཁུལ་རྩ་མདའ་གཞོང་སའི་གནའ་བོའི་སའི་ཁབ་ལེན་ལོ་རབས་རིག་པ(古地磁年代学)ཡི་ཞིབ་བསྡུར།

གཉིས། འགྱུར་རྡོ་སྣ་ཚོགས་ཀྱི་རིགས།

ཀ འོ་འཐུང་སྲོག་ཆགས།

རྩ་མདའ་གཞོང་སའི་ཨའེ་ཧྲི་ཡོན་བྱི་ལོང(艾氏原鼢鼠)གི་འགྲམ་སོ།

        དེང་རབས་མདོ་དབུས་མཐོ་སྒང་གི་འོ་འཐུང་སྲོག་ཆགས་ལ་ཁྱད་ཆོས་འབུར་དུ་ཐོན་པ་ཡོད་ཅིང་། དེ་ཚོའི་ནང་གི་ཁོངས་མི་མང་ཤོས་ལ་མཐོ་སྒང་དུ་འཚོ་སྡོད་བྱས་མྱོང་བའི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེ་ཡིས་ཁོ་ཚོ་མཚོ་འཕགས་མཐོ་བའི་མཐོ་སྒང་ཁྱབ་ཁོངས་སུ་དུས་ཡུན་རིང་བའི་འཕྲོད་མཐུན་གོ་རིམ་བརྒྱུད་མྱོང་བ་མཚོན་ཡོད།

འདི་ནས། ང་ཚོས་མཐོ་སྒང་ས་ཁུལ་ནས་རྙེད་པའི་སོ་མི་བརྗེ་བའི་རིགས་དང་ཤ་གཟན་རིགས། རྨིག་པ་ཡ་ཅན་གྱི་རིགས། རྨིག་པ་ཆ་ཅན་གྱི་རིགས་བཅས་ཀྱི་འགྱུར་རྡོ་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་མདོ་དབུས་མཐོ་སྒང་ས་ཁུལ་གྱི་འོ་འཐུང་སྲོག་ཆགས་ཁྱབ་ཁོངས་མ་ལག་གི་རིམ་འགྱུར་ལོ་རྒྱུས་གསལ་སྟོན་བྱས་ནས་གོ་རིམ་འདི་ཡིས་འཛམ་གླིང་གི་འོ་འཐུང་སྲོག་ཆགས་ཁྱབ་ཁོངས་མ་ལག་གི་འཕེལ་རྒྱས་གོ་རིམ་ལ་ཐེབས་པའི་ཤུགས་རྐྱེན་གསལ་བོར་བཤད་ཡོད།

        

རྩ་མདའ་གཞོང་སའི་རབས་གསར་གོང་མ(上新世)ཡི་ལིའེ་ཁྱིའི་མ་སོ།

བྱང་སྣེ་ཝ་མོའི་མེས་པོ་སྟེ། རྩ་མདའ་གཞོང་སའི་ཆིའུ་ཧྲི་ཝ་མོ་ཡི་འགྲམ་རུས།

ལྷུན་པོ་ལ་གཞོང་སའི་བྱི་ལའི་ཚན་ཁག་སྲོག་ཆགས་ཀྱི་ཀླད་པའི་འགྱུར་རྡོ།

གསའ་ཡི་མེས་པོ་སྟེ། རྩ་མདའ་གཞོང་སའི་པུ་ཧྲི་གསའ་ཡི་མགོ་རུས།

རྩ་མདའི་རྟ་རྨིག་གསུམ་མའི་རྐང་རུས་གཡོན་མ།

ཆེས་གདོད་མའི་བསེ་རུ་སྤུ་ཅན་ཏེ། རྩ་མདའ་གཞོང་སའི་བོད་ལྗོངས་བསེ་རུ་སྤུ་ཅན་གྱི་མགོ་རུས་དང་མ་མགལ་རུས་པ།

ཆེས་གདོད་མའི་གཉན།

ཁ། ཉའི་རིགས།

ཁུ་ནུ་ལུང་མདོ་གཞོང་སའི་རབས་གསར་གོང་མའི་ཚད་མཐོ་དམིགས་འགྱུར་གྱི་ལིའེ་ཧྥུའུ་ཉ(裂腹鱼)ཡི་འགྱུར་རྡོ་དང་དེང་རབས་ལིའེ་ཧྥུའུ་ཉ་ཡི་འགྱུར་རྡོའི་རུས་སྒྲོམ་ཞིབ་བསྡུར།

        མདོ་དབུས་མཐོ་སྒང་ལ“འཛམ་གླིང་ཡང་རྩེ”དང“ཨེ་ཤ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མིང་ཐོགས་ཡོད་ཅིང་། དེ་ཉིད་ཡར་འཕགས་པ་ཡིས་མཐོ་སྒང་འདི་ལྟེ་བ་བྱས་པའི་རྙོག་འཛིང་ལྡན་པའི་ཆུ་ལག་རྣམ་པ་ཞིག་ཆགས་ཏེ་ཁྱད་ཆོས་འབུར་ཐོན་གྱི་ཉ་རིགས་ཁྱབ་ཁོངས་མ་ལག་ཅིག་གྲུབ་ཡོད། ཉའི་རིགས་ཀྱི་འགྱུར་རྡོ་ཡིས་མཐོ་སྒང་གི་ཉའི་རིགས་ཁྱབ་ཁོངས་མ་ལག་དང་ཆུ་ལག་རྣམ་པའི་རིམ་འགྱུར་ལོ་རྒྱུས་བསྐྱར་བཟོ་བྱེད་པ་ལ་ཐད་ཀའི་ཚན་རིག་དཔང་དངོས་མཁོ་འདོན་བྱེད་པ་ཡིན།

ལྷུན་པོ་ལ་གཞོང་སའི་ཉ་ཁ་བཞིའི་རིགས་ཀྱི་འགྱུར་རྡོ།

ག གནའ་བོའི་སྲིན་འབུ།

ལྷུན་པོ་ལ་གཞོང་སའི་གནའ་ཉེ་ལོ་སྐོར(古近纪)དུས་སྐབས་ཀྱི་ཆུ་འབུ་སུག་རིང(水黾)གི་འགྱུར་རྡོ།

        སྲིན་འབུ་ནི་སའི་གོ་ལའི་ཐོག་གི་རིགས་སྣ་ཆེས་མང་བའི་སྲོག་ཆགས་རིགས་ཁྱུ་ཞིག་ཡིན་པ་དང་། སའི་གོ་ལའི་སྐྱེ་ཁམས་མ་ལག་ནང་དུ་འཁྲབ་མཁན་ཧ་ཅང་གལ་ཆེ་བ་ཞིག་བྱེད་བཞིན་ཡོད། དེ་རིང་གི་མདོ་དབུས་མཐོ་སྒང་དུ། ངོས་འཛིན་ཐུབ་པའི་སྲིན་འབུའི་རིགས་སྣ10828(2019ལོའི་ཟླ8པའི་ཚེས6ཉིན་བར་དུ)ཡོད་ཅིང་། དེ་ཚོས་མཐོ་སྒང་གི་སྐྱེ་ཁམས་མ་ལག་གོ་རིམ་ལྡན་ཞིང་དོ་མཉམ་པའི་ངང་འཁོར་སྐྱོད་བྱེད་དུ་བཅུག་དང་འཇུག་བཞིན་ཡོད།

ང་། གནའ་བོའི་རྩི་ཤིང་།

བོད་ལྗོངས་ཤར་ལྷོའི་ས་ཁུལ་གྱི་བར་གསར་དུས་རབས་ཀྱི་གནའ་བོའི་བེ་དོ་ཤིང(青冈)གི་འགྱུར་རྡོ།

        མཐོ་སྒང་འདི་དམའ་མོ་ཞིག་ནས་མཐོན་པོ་ཞིག་ལ་ཆགས་པའི་བར་དུ། ཆེས་ལྷོ་རྒྱུད་ཀྱི་མཐའ་གནས་སུ་ཆ་ཚང་བའི་རྩི་ཤིང་གི་ཐད་གནས་ཁྱབ་ཚུལ་བསྐྲུན་པ་དང་། དེ་ཡིས་ཚ་ཁུལ་དུས་རླུང་ཆར་ནགས་ནས་མཐོ་གྲང་སྤང་ཐང་། ཐ་ན་མཐོ་རི་གངས་འཁྱགས་རྒྱུད་ཀྱི་ངོ་མཚར་མངོན་ཡོད། རྣམ་པ་འདི་ལ། གལ་ཏེ་དུས་ཚོད་ཀྱི་འཕྲེད་ཐིག་ཅིག་བསྣན་ཚེ། དེ་ནི་འགྱུར་རྡོའི་ལོ་མ་དང་སིལ་ཏོག་གི་བཟོ་ལྟའི་ངང་མཐོ་སྒང་གི་ས་གནས་ཁག་གི་བྲག་རིམ་ནང་དུ་སིམ་ཡོད།

ལྷུན་པོ་ལ་གཞོང་སའི་གནའ་ཉེ་ལོ་སྐོར་དུས་ཀྱི་འཕྱོ་གཡེང་ལོ་མ།

ལྷུན་པོ་ལ་གཞོང་སའི་གང་བུ་འབྲུ་མང་ཅན་གྱི་མེ་ཏོག་གི་འགྱུར་རྡོ།

གསུམ། ཚན་རིག་གི་བར་བཅུག་རི་མོ་དང་སོར་ཆུད་རི་མོ། འགྱུར་རྡོ་ངོ་མཚར་བ་བཅས་བར་གྱི་འབྲེལ་མཐུད།

“མཚོ་བོད་ས་ཁུལ་ནས་ཕྱིར་སོང”བའི་འཁྱགས་དུས་འོ་འཐུང་སྲོག་ཆགས།

        སའི་གོ་ལའི་ཁྱུད་རིམ་ཆེན་པོ་དྲུག་སྟེ“རླུང་ཁམས་ཆེན་མོའི་མུ་ཁྱུད་དང་འཁྱགས་པའི་མུ་ཁྱུད། བྲག་རྡོའི་མུ་ཁྱུད། ཆུའི་མུ་ཁྱུད། རྩི་ཤིང་གི་མུ་ཁྱུད། མིའི་རིགས་ཀྱི་མུ་ཁྱུད”བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་ཚང་མ་མདོ་དབུས་མཐོ་སྒང་དུ་འདུས་ཡོད་པར་མ་ཟད། ད་དུང་ཡུལ་འདི་ནས་ཕན་ཚུན་བར་དུ་ནུས་པ་ཛ་དྲག་ཀྱང་བྱུང་ཡོད། ཕྱོགས་འདི་ནས་བརྗོད་ན། མདོ་དབུས་མཐོ་སྒང་ནི་ཇེ་ཆུང་དུ་བཏང་བའི“སའི་གོ་ལའི་མ་ལག”ཅིག་ཡིན།

ལོ་ཁྲི400ཡི་སྔོན་གྱི“རྩ་མདའི་སྐྱེ་དངོས་ཚོགས”ཏེ། བསེ་རུ་སྤུ་ཅན་དང་། བྱང་སྣེའི་ཝ་མོ། གསའ། གཉན་སོགས།

ལྷུན་པོ་ལ་གཞོང་སའི་གནའ་ཉེ་ལོ་སྐོར་གྱི་སྐྱེ་ཁམས་མ་ལག་གི་སོར་ཆུད་རི་མོ།

        འགྱུར་ལྡོག་བྱུང་བའི་མ་ལག་འདིའི་ནང་དུ། མིའི་རིགས་འདུས་པའི་ཚེ་སྲོག་ཚང་མ་ནི་འདས་པའི་དུས་ནས་ད་ལྟའི་བར་ལ། མཚོ་བོད་ས་ཁུལ་འདི་ལོ་ཁྲི་ཕྲག་མང་བའི་དུས་ཚོད་ནང་དུ“ཚ་ཁུལ་སྲོག་ཆགས་དང་རྩི་ཤིང་གི་དགའ་ཚལ”ནས“འཁྱགས་དུས་སྲོག་ཆགས་ཀྱི་ཞིང་ཁམས”སུ་གྱུར་པའི་དཔང་བོ་བྱས་ཡོད། གྲང་འཁྱགས་ནམ་ཟླ་ལ་འཕྲོད་མཐུན་བྱུང་ཡོད་པའི་འཁྱགས་དུས་སྲོག་ཆགས་ཀྱི་རིགས་མང་པོ“མཚོ་བོད་ས་ཁུལ་ནས་ཕྱིར་སོང”ཡོད་ཅིང་། ཤ་གཟན་ཆེན་པོའམ་ཡང་ན་རྩྭ་གཟན་ཆེ་གྲས་འདི་དག་གི་རིམ་འགྱུར་གྱིས་ས་རྒྱ་སྔར་བས་ཆེ་བའི་ས་ཁུལ་གྱི་སྐྱེ་ཁམས་མ་ལག་བསྐྱར་བཟོ་བྱས་ཡོད་པ་དང་། མཐའ་མར་དེ་རིང་གི་རྣམ་པ་སྣ་ཚོགས་ཀྱི་སྐྱེ་ཁམས་སྣ་མང་རང་བཞིན་འདི་གྲུབ་པར་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1