༄༅།།མགར་ཆོས་དར་གྱིས་བུ་ཆུང་ལ་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་དྲངས། སྤེལ་དུས། 06-09


མགར་བ་རྒྱལ་པོ་ཤིན་ཏུ་ཁྲོས་ཏེ་རལ་གྲི་སྡིག་པའི་ཡུ་བ་ཅན་གྱི་འཆང་བ་ནས་བཟུང་སྟེ་བུ་ཆུང་ལ་གླུ་འདི་ལྟར་བླངས་སོ། །

   གནས་བྲག་ནག་མདུང་སོ་གཤིབས་འདྲ་ནས། །

   ང་མགར་བའི་ཐེའུ་རང་སྤུན་གསུམ་མཁྱེན། །

   ཕོ་ང་ངོ་ཁྱོད་ཀྱིས་མ་ཤེས་ན། །

   དཔའ་ཡ་མེད་མགར་བ་རྒྱལ་པོ་ཟེར། །

   གླུ་འདི་ཡི་གླུ་ངོ་མ་ཤེས་ན། །

   ང་མགར་བའི་དཔའ་བོ་ངར་གླུ་ཡིན། །

   ཁྱོད་བུ་ཆུང་ཚེ་ཟད་ཚུར་ཉོན་དང་། །

   མི་ཚེ་ཟད་སྲིན་པོའི་སྒོ་ཁར་ཐོན། །

   ཚེ་ཡང་ཟད་མགར་བ་ང་ལ་ཐུག །

   དགྲ་བསམ་མེད་ཧམ་པ་ཆེ་ལུགས་ལྟོས། །

   མཁར་ཁྲག་ཟོར་གནམ་ལ་བཤམས་འདྲ་བོ། །

   ཧོར་ཡ་རྩེ་མཁར་དམར་རྩེ་སྟོང་རེད། །

   དེས་ཕུང་ཆུ་ཡིས་བཤིགས་འདྲ་ཟེར། །

   གཏམ་དེ་འདྲ་བཤད་པ་དགྲ་ལ་སྒྱུར། །

   བུ་སྤུན་དགུ་དགྲ་ལ་ཆས་འདྲ་འདི། །

   ཧོར་རི་བོ་རྡོ་རྗེ་རྩེ་དགུ་རེད། །

   དེ་སྤྲང་དགུས་སྡེ་དགུ་ཉུལ་འདྲ་ཟེར། །

   གཏམ་དེ་འདྲ་བཤད་པ་དགྲ་ལ་སྒྱུར། །

   མཁར་སྨུག་པོ་རྫ་རི་སྤུངས་འདྲ་འདི། །

   ཧོར་གུར་ནག་སྨུག་དགུ་དགུ་རྫོང་རེད། །

   དེ་རྡོ་ཕུང་ཐོག་གིས་བཤིགས་འདྲ་ཟེར། །

   གཏམ་དེ་འདྲ་བཤད་པ་དགྲ་ལ་སྒྱུར། །

   གཡག་རྒོད་པོའི་རུ་ཐུར་གཟེངས་འདྲ་དེ། །

   ཧོར་གཡག་ལ་སེར་བོའི་ལ་ཁ་རེད། །

   དེ་གཡག་ཆད་འདམ་ལ་ཟུག་འདྲ་ཟེར། །

   གཏམ་དེ་འདྲ་བཤད་པ་དགྲ་ལ་སྒྱུར། །

   སྤང་སེར་པོའི་གསེར་ཞུ་གོན་འདྲ་འདི། །

   ཧོར་གུར་སེར་གསེར་མཁར་རིང་མོ་རེད། །

   འདི་སྤང་རི་མེ་ཡིས་འཚིག་འདྲ་ཟེར། །

   གཏམ་དེ་འདྲ་བཤད་པ་དགྲ་ལ་སྒྱུར། །

   གོས་དམར་ནག་ན་བཟའ་གོན་འདྲ་འདི། །

   ང་མགར་བའི་སོལ་རི་ནགས་རྫོང་རེད། །

   དེ་གླ་རེ་པས་ལྡེ་གོན་འདྲ་ཟེར། །

   གཏམ་དེ་འདྲ་བཤད་པ་དགྲ་ལ་སྒྱུར། །

   ཡང་གནམ་ལྕགས་ཁྲོ་ཆུ་འཁྱིལ་འདྲ་འདི། །

   ང་མགར་བའི་ལྕགས་མཁར་རིང་མོ་རེད། །

   དེ་རྫ་མ་རྡོ་བས་བཅོམ་འདྲ་ཟེར། །

   གཏམ་དེ་འདྲ་བཤད་པ་དགྲ་ལ་སྒྱུར། །

   ཁྱོད་བུ་ཆུང་མ་འདུག་འཆི་གྲབས་གྱིས། །

   ཤི་དམྱལ་བའི་ཡུལ་ལ་འགྲོ་གྲབས་གྱིས། །

   གནམ་ཨ་སྔོན་རིག་པ་དེ་རིང་ཡིན། །

   ས་དོག་མོ་རིག་པ་དེ་རིང་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1