༄༅། །དཔྱིད་ཀར་འཚམ་པའི་ལུས་སྦྱོང་བྱེད་སྟངས་ལ་གང་དག་ཡོད་དམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-12


        དཔྱིད་ཀ་སླེབས་བྱུང་། རྒན་པ་དང་དར་མ་རྣམས་ཀྱིས་ཇི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ལུས་སྦྱོང་བྱེད་པ་དང་།ལུས་སྦྱོང་མ་བྱས་པའི་སྔོན་དང་བྱས་རྗེས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་པ་སོགས་ཀྱི་ཐད་ནས།ཉེ་ཆར་རྒྱལ་ཁབ་བདེ་ཐང་ཚན་རིག་ཁྱད་གདལ་ཆེད་མཁས་མཛོད་ཀྱི་ཆེད་མཁས་པའམ་པེ་ཅིན་ཅི་ཧྲུའེ་ཐན་སྨན་ཁང་དོས་དྲག་ཚན་ཁག་གི་སྨན་རམས་པ་ཀྲའོ་པིན་གྱིས་ཇི་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ལུས་སྦྱོང་བྱེད་དགོས་པའི་ཐད་ནས་བྱེ་བྲག་གི་གྲོས་གཞི་བཏོན་ཡོད། དཔྱིད་ཀའི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་མེད་པར། དྲོ་གྲང་སྙོམས་ཤིང་མཁའ་དབུགས་གཙང་བས། རང་བྱུང་ཁམས་ཆེན་པོ་དང་ཉེ་བར་བཅར་ཏེ་ཕྱི་རོལ་དུ་འགུལ་སྐྱོད་བྱེད་པར་ཧ་ཅང་འཚམ། པེ་ཅིན་ཅི་ཧྲུའེ་ཐན་སྨན་ཁང་དོས་དྲག་ཚན་ཁག་གི་སྨན་རམས་པ་ཀྲའོ་པིན་གྱིས་དལ་བགྲོད་དང་ལྕགས་རྟར་ཞོན་པ། དལ་རྒྱུག རི་མགོར་འགོ་བ།ཕིང་ཕང་སྤོ་ལོ་དང་བྱ་སྒྲོའི་སྤོ་ལོ་རྩེ་བ་སོགས་དཔྱིད་ཀར་འཚམ་པའི་འགུལ་སྐྱོད་བྱེད་སྟངས་འོས་སྦྱོར་བྱས་ཡོད།

སྙིང་གི་ལྡིང་ཚད་དང་ངལ་དུབ་ལ་མཉམ་འཇོག་དགོས།

        འོས་འཚམ་གྱི་ལུས་སྦྱོང་བྱེད་སྟངས་ནི་ལུས་ཕུང་བདེ་ཐང་ཡོང་བའི་གཞི་མ་ཡིན། འགུལ་སྐྱོད་དྲག་པོ་བྱས་ན་ལུས་ཕུང་ལ་གནོད་པ་ཆེན་པོ་ཐེབས་ཤིང་། འགུལ་སྐྱོད་ཉུང་ཙམ་བྱས་ན་ལུས་ཕུང་ལ་ཤུགས་རྐྱེན་གང་ཡང་ཐེབས་མི་ཐུབ། ཀྲའོ་པིན་གྱིས་མཚམས་སྦྱོར་བྱེད་རྒྱུར། “འགུལ་སྐྱོད་ཀྱི་དྲག་ཚད་ནི་འགུལ་སྐྱོད་མཁན་གྱི་ལོ་ཚོད་དང་ལུས་པོའི་གནས་ཚུལ།ནད་རྙིང་ཡོད་མེད།དུས་རྒྱུན་གྱི་འགུལ་སྐྱོད་བྱེད་ཚད་སོགས་ལ་བརྟེན་ནས་གཏན་འཁེལ་བྱེད་དགོས།ཁོས་བཤད་རྒྱུར།ལུས་སྦྱོང་གི་རྩ་བའི་རྩ་དོན་ནི་གོམ་པ་རིམ་བགྲོད་ཀྱིས་ལུས་པོའི་ལྕོགས་ཚོད་བྱེད་རྒྱུ་དེ་ཡིན་ལ། ལུས་སྦྱོང་བྱེད་སྐབས་ཀྱི་སྙིང་གི་ལྡིང་ཚད་དང་ངལ་དུབ་ལ་མཉམ་འཇོག་དགོས།”

        བང་རྒྱུག་ལ་དཔེར་བླངས་ན། ལུས་སྦྱོང་བྱས་ནས་ཉི་མ་འགའ་འགོར་རྗེས། ལུས་སྦྱོང་མཁན་གྱིས་བང་རྒྱུག་གི་རྒྱུག་ཐག་ཡུན་གྱིས་ཇེ་རིང་དུ་གཏོང་བ་དང་།བང་རྒྱུག་གི་མྱུར་ཚད་ཀྱང་ཇེ་མགྱོགས་སུ་གཏོང་དགོས་ལ།གལ་ཏེ་བང་རྒྱུག་གི་རྒྱུག་ཐག་ཇེ་རིང་དང་མྱུར་ཚད་ཇེ་མགྱོགས་སུ་བཏང་ནའང་།སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་མི་འགྲོ་བ་དང་།བང་རྒྱུག་བྱས་རྗེས་ཀྱི་ངལ་དུབ་མྱུར་བར་སེལ་འགྲོ་བ་ཡིན་ན།ལུས་སྦྱོང་བྱེད་ཚད་དེ་ཁྱེད་ཉིད་དང་འཚམ་པའི་རྟགས་རེད།

ལུས་སྦྱོང་མ་བྱས་པའི་སྔོན་དང་བྱས་རྗེས་སུ་གཤམ་གྱི་དོན་ཚན་འདི་དག་ལ་མཉམ་འཇོག་དགོས།

        ཀྲའོ་པིན་གྱིས་བསྟན་དོན།ལུས་སྦྱོང་མ་བྱས་པའི་སྔོན་ལ། ལུས་སྦྱོང་མཁན་གྱིས་རང་ཉིད་ཀྱི་ལུས་པོའི་གནས་ཚུལ་ལ་བལྟས་ནས་དཔྱད་དཔོག་སྟབས་བདེ་ཞིག་བྱེད་ཆོག

        གཅིག ལུས་པོར་མི་བདེ་བའི་ཚོར་སྣང་ཡོད་མེད་ལ་བརྟག་པ།

        གཉིས།རང་ཉིད་ལ་ལུས་སྦྱོང་བྱེད་འདོད་ཡོད་མེད་དང་།སྤྲོ་བ་ཡོད་པའི་སྒོ་ནས་ལུས་སྦྱོང་བྱེད་ཀྱིན་ཡོད་མེད་ལ་བརྟག་དགོས།

        གསུམ། གཉིད་ཀྱིས་འདང་ཡོད་མེད་ལ་བརྟག་དགོས། གཉིད་ཀྱིས་འདང་མེད་པའི་སྐབས་སུ་ལུས་སྦྱོང་བྱེད་མི་རུང་།

        བཞི། ལྟོགས་ཡོད་མེད་ལ་མཉམ་འཇོག་དགོས།ཟ་མ་མ་ཟོས་པར་ལྟོ་སྟོང་དུ་ལུས་སྦྱོང་བྱེད་མི་འོས་ལ།ལུས་སྦྱོང་མ་བྱས་པའི་སྔོན་ལ་ནུས་དྲོ་ཅུང་ཙམ་ཁ་གསབ་བྱེད་དགོས།

        རྒན་པ་རྣམས་གནམ་གཤིས་བཟང་བའི་སྐབས་སུ་ད་གཟོད་ཕྱི་རོལ་དུ་སོང་ནས་ལུས་སྦྱོང་བྱས་པ་ལས།གནམ་གཤིས་འཁྱག་པ་དང་རླུང་གཡུག་པ།ས་སྨུག་འཐིབ་པ་སོགས་ཀྱི་སྐབས་སུ་ལུས་སྦྱོང་བྱེད་མི་འོས།

        ཀྲའོ་པིན་གྱིས་དྲན་སྐུལ་བྱས་ཡོད་པ་སྟེ།རྒན་པ་རྣམས་ཀྱིས་ལུས་སྦྱོང་བྱས་ཚར་རྗེས་མྱུར་དུ་འགུལ་མཚམས་མི་འཇོག་པར།རྐང་ལག་རྐྱོང་འཐེན་བྱས་ཏེ་ལུས་པོ་ལྷོད་པོ་ཡོང་དུ་འཇུག་དགོས་པ་དང་།ནང་སྒོས་སུ་བང་རྒྱུག་བྱས་རྗེས། ལུས་པོའི་གནས་བབ་ལ་དཔྱད་དཔོག་བྱས་ཏེ།སྙིང་གི་ལྡིང་ཚད་མགྱོགས་མིན་དང་མྱུར་མོར་རྒྱུན་ལྡན་གྱི་སྙིང་གི་ལྡིང་ཚད་དུ་སླེབས་ཐུབ་མིན།ལུས་སྦྱོང་བྱས་རྗེས་ཀྱི་ངལ་དུབ་མྱུར་མོར་སེལ་ཐུབ་མིན་སོགས་ལ་མཉམ་བཞག་རྗེས།ད་གཟོད་རྗེས་མར་ལུས་སྦྱོང་རིགས་གང་ཞིག་གདམ་རྒྱུ་ཐག་གཅོད་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1