བྱ་ནི་མིའི་རིགས་ཀྱི་བརྩེ་ལྡན་གྲོགས་པོ་ཡིན་པ་དང་། དེ་ཚོའི་གྲུང་གཤིས་དོད་པའི་ཉམས་འགྱུར་གྱིས་ང་ཚོའི་འཚོ་བར་མཛེས་སྡུག་ལྡན་པའི་འོད་མདངས་བསྣན་པར་མ་ཟད། སྣང་ཡུལ་གང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག
རི་སྐྱེས་བྱ་རིགས་ཀྱི་སྲུང་སྐྱོབ་ལ་ཤུགས་རྒྱག་ཆེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་ཁྲུའུ་ཡི་ཁྲིད་སྟོན་འོག མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་བྱ་རིགས་ལྟ་ཞིབ་མཐུན་ཚོགས་ཀྱིས་ཟླ3པའི་ཟླ་དཀྱིལ་ནས་བཟུང་སྡེ་ཁག་སོ་སོ་དང་མཉམ་འབྲེལ་ཧུར་ཐག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་བྱ་རིགས་ཐོན་ཁུངས་ལ་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱས་ཤིང་། བྱ་རིགས་དང་དེའི་འཚོ་གནས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ།དྲིལ་སྒྲོག་བྱེད་པ་སོགས་ཀྱི་བྱ་བར་ཤུགས་བརྒྱབ།
ཟླ3པའི་ཚེས9ཉིན། བྱ་རིགས་ལྟ་ཞིབ་མཐུན་ཚོགས་ཀྱིས་ནན་མོན་ཞ་གྲོང་རྡལ་ཆོས་ཐར་སྡེ་བ་རུ་ཁྭ་ཏར་ལྟ་ཞིབ་ཚད་ལེན་བྱས། ནན་མོན་ཞའི་ཁྭ་ཏ་ནི་གཙོ་བོ་ཁྭ་ཏ་གདོང་འབོག་ཡིན། ཟླ3པའི་ཟླ་མགོ་ནི་ཁྭ་ཏ་གདོང་འབོག་གིས་ཟླ་བོ་འཚོལ་བའི་དུས་སྐབས་ཡིན་ཞིང་། ཁྭ་ཏའི་རིགས་ཁྱུའི་གནས་ཚུལ་དང་འཚོ་གནས་ཁོར་ཡུག་ལ་བརྒྱུད་རིམ་ལྡན་པའི་བརྟག་དཔྱད་བྱས་པ་བརྒྱུད། ཁྱོན་བསྡོམས་ཁྭ་ཏའི་ཚང418དང་ཁྭ་ཏ་གདོང་འབོག600ལྷག་ལ་ལྟ་ཞིབ་ཚད་ལེན་བྱས་ཐུབ་ཡོད།
“ངང་དཀར་ནི་མཚོ་སྔོན་གྱི་དགུན་བྱ་རིགས་ཤིག་ཡིན་པ་དང་། ལོ་རེའི་ཟླ9པའི་ཟླ་དཀྱིལ་དང་ཟླ་སྨད་དུ་རྒྱུད་སྤེལ་བྱ་ཡུལ་ནས་བྲལ་ཏེ་དགུན་སར་གནས་སྤོ་བྱེད་མགོ་རྩོམ་པ་དང་། ཟླ10པའི་ཟླ་སྨད་ནས་ཟླ11པའི་ཟླ་མགོའི་བར་དགུན་སར་འབྱོར་བཞིན་ཡོད། གནས་སྤོ་བའི་སྐབས་སུ་ཁྱུ་ཚོགས་མང་པོ་འདུས་མོད། འོན་ཀྱང་སྔར་བཞིན་ཁྱུ་ཚོགས་ཆུང་ངུ་འགུལ་སྐྱོད་བྱེད་ཀྱིན་ཡོད། ཟླ3པའི་ཚེས19ཉིན། ང་ཚོ་སླར་ཡང་ཁྲི་ཀའི་རྨ་ཆུ་དྭངས་མོའི་རྒྱལ་ཁབ་སྤྱི་གླིང་དུ་སྐྱོད་སྐབས། ངང་དཀར་ཚང་མ་གནས་དེ་དང་བྲལ་ཟིན།”ཞེས་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་བྱ་རིགས་ལྟ་ཞིབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཅན་ཐིང་གིས་དེ་ལྟར་ངོ་སྤྲོད་བྱས་སོང་།
ཟླ3པའི་ཚེས15ཉིན། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཀྱི་ཁྲུང་ནག་ལུང་དཀར་ཕྱིར་ཚང་མལ་དུ་ལོག་འདུག ཟླ3པའི་ཚེས25ཉིན། བྱ་རིགས་མཐུན་ཚོགས་ཀྱི་ཁོངས་མི་ཚོ་སླར་ཡང་གནས་དེ་རུ་སྐྱོད་སྐབས། དེ་ཚོས་སྒོ་ང་བཏང་ཟིན་པར་མ་ཟད་སྒོ་ང་རུམ་མགོ་ཚུགས་པ་མཐོང་བྱུང་། ཁྲུང་ནག་ལུང་དཀར་དེ་གཉིས་ཀྱིས་བྲག་ལྡེབས་སུ་ཁྱིམ་གཞིས་བཙུགས་ནས། བསྟུད་མར་ལོ་མང་པོར་ཡང་དང་བསྐྱར་དུ་མཚོ་སྔོན་དུ་འཕུར་འོང་ཞིང་། གནས་དེར་བྱ་ཕྲུག་སྐྱེ་འཕེལ་དང་གསོ་སྤེལ་བྱས།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་ཧོ་ཏུང་ཞང་གི་མངའ་ཁོངས་སུ། ལོ་བརྒྱར་ལོན་པའི་གནའ་བོའི་སྦྱར་སྡོང་ཞིག་ཡོད་ལ།སྡོང་པོའི་སྟེང་མཐོ་དམའ་མི་སྙོམས་པའི་བྱ་ཚང་གིས་བརྒྱན་ཡོད། ཟླ3པའི་ཚེས19ཉིན། ལྟ་ཞིབ་ཚད་ལེན་བྱས་པ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ས་ཁོངས་དེར་སྐྱོར་སྲེ་ཡི་ཚང60ལྷག་ཙམ་ཡོད་པ་དང་གྲངས་འབོར150ལྷག་ཡོད་པའི་བྱ་ཚང་ཁག་ཅིག་ཏུ་སྐྱོར་སྲེས་སྒོ་ང་གཏོང་མགོ་ཚུགས་ཡོད།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་རྨ་ཆུའི་ངོགས་ཀྱི་ནགས་ཁྲོད་དུ་འཚོ་བ་རོལ་བཞིན་པའི་སྐྱོར་སྲེ་ཁྱུ་གཅིག་གིས་གནས་དེ་གར་སྐྱེ་འཕེལ་དང་འཚོ་གནས་བྱས་ནས་ལོ་བཅུ་གྲངས་འགོར་ཡོད།“ཟླ3པའི་ཚེས26ཉིན་སྐྱོར་སྲེའི་ཚང38དང་སྐྱོར་སྲེ100ལྷག་ལ་ལྟ་ཞིབ་ཚད་ལེན་བྱས་པ་ཡིན་ལ། འགྲམ་ངོགས་ནས་ཚང་ནང་གི་སྒོ་ང་མཐོང་ཐུབ།”ཅེས་ཝང་ཅན་ཐིང་གིས་དེ་ལྟར་བཤད།
མཚོ་ཤར་གྲོང་ཁྱེར་ཟ་ལར་རིགས་རང་སྐྱོང་རྫོང་ཧྲེང་ལི་ཁུག་ཏུ། སྡོང་སྐམ་སྟར་པ་གཅིག་ཡོད་པ་དེ་ནི་སྐྱོར་སྲེའི་འཚོ་གནས་ཁོར་ཡུག་ཡིན་པ་དང་། སྡོང་སྐམ་ཐོག་ཚང13ཡོད་པ་དང་ཧ་ལམ་སྐྱོར་སྲེ30ལྷག་ཡོད་ཅིང་། མིག་སྔར་བྱ་ཚང་དུ་བབས་ནས་སྒོ་ང་རུམ་མགོ་ཚུགས་ཟིན།
མཚོ་སྔོན་ནི་ཁྲུང་སྐྱ་བྱང་ཕྱོགས་སུ་གནས་སྤོ་བའི་རྒྱུ་ལམ་གཙོ་བོ་ཡིན་པ་དང་། མཚོ་ནུབ་ས་ཁུལ་ནི་ཁྲུང་སྐྱ་ཡི་ཁ་ཟས་འཐུ་ས་གཙོ་བོ་ཡིན། ཟླ3པའི་ཚེས22ཉིན། ཁྲུང་ཁྲུང་སྐྱ་བོ་ཁྲི་ལྷག་ཏུའུ་ལན་རྫོང་འབའ་ལུང་ཞང་དུ་གནས་སྤོས་པ་དང་།དེ་དག་སྐབས་འགར་ཞིང་ཁའི་སྡོང་ཕྲན་ནགས་ཚལ་དང་བརླན་སར་བབས་ཏེ་ཁ་ཟས་འཚོལ་བཞིན་ཡོད་པས།དཔྱིད་དུས་ཀྱི་ཏུའུ་ལན་རྫོང་ལ་སྐྱེ་སྟོབས་ཀྱི་དཔལ་ཤར་ཡོད།
བྱ་ལོང་ལྟག་ཁྲ་ནི་མཐོ་སྒང་གི་བྱ་རིགས་ཤིག་ཡིན་ལ། ལོ་རེའི་ཟླ9པ་ནས་ཟླ10པའི་བར་མཚོ་བོད་མཐོ་སྒང་གི་བྱ་ལོང་ལྟག་ཁྲ་རྣམས་ལྷོ་ཕྱོགས་སུ་འཕྲེད་ཐིག་དམའ་བ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་དམའ་བའི་ཨ་ཤེ་ཡ་ལྷོ་རྒྱུད་ཀྱི་སྐམ་ས་ཆེན་མོར་སོང་ནས་དགུན་སྐྱེལ་བ་དང་ལོ་རྗེས་མའི་ཟླ3པ་ནས་ཟླ5པའི་བར་ཕྱིར་ལོག་གིན་ཡོད།
ཟླ3པའི་ཚེས29ཉིན། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ཕྱུག་སྐྱའི་བརླན་ས་ཆུང་གྲས་སུ་བྱ་ལོང་ལྟག་ཁྲའི་རིགས་སུམ་བརྒྱ་ལྷག་ཙམ་བབས་ཡོད་པར་མ་ཟད། ད་དུང་གག་པ་རྔ་འབིགས་དང་། ངུར་བ། གག་པ་མཆུ་སེར། གག་པ་ཐོད་སེར་སོགས་ཀྱང་ཡོད།
“ད་ལོའི་ཟླ2པ་ནས་ཟླ3པའི་བར། ང་ཚོ་ཨོ་ལན་རྫོང་པུ་ལང་ཀོའུ་སྡེ་བར་ཐེངས་གསུམ་ལ་སོང་ནས་མཚོ་སྔོན་ཞིང་ཆེན་དུ་དགུན་སྐྱེལ་འཆར་ཡོད་པའི་ཁྲུང་ཁྲུང་སྐེ་ནག་བཙལ་བ་ཡིན་ལ། ཟླ2པར་ཁྲུང་ཁྲུང་སྐེ་ནག་ཅིག་མཐོང་བ་དེ་ཁྲུང་སྐྱ་གསུམ་དང་ངང་ཁྲུང་མཆུ་སེར་གསུམ་དང་ལྷན་དུ་ཡོད་པ་དང་། ཁྲུང་ཁྲུང་སྐེ་ནག་དེས་ཁ་ཟས་འཚོལ་ཡུལ་དུ་ཐེངས་གསུམ་པར་བསྐྱོད་ནས་ཁྲུང་ཁྲུང་སྐེ་ནག་འཚོལ་སྐབས། སླར་ཡང་ཁྲུང་ཁྲུང་སྐེ་ནག་ཅིག་མཐོང་བ་དང་། ཁྲུང་སྐྱ་བཞི་དང་ངང་ཁྲུང་མཆུ་སེར་གསུམ་མཐོང་པས། དེ་ཚོའི་ཁྱུ་ཚོགས་ཁྲོད་ནར་མ་སོན་པའི་ཁྲུང་སྐྱ་གཅིག་ཇེ་མང་དུ་ཕྱིན་ཡོད། ཟླ3པའི་ཟླ་མཇུག་ཏུ། ཕྱུག་སྐྱའི་བརླན་ས་རུ། སླར་ཡང་ཁྲུང་ཁྲུང་སྐེ་ནག་གསུམ་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་བྱུང་བ་དང་། དེ་ཚོས་མཚེའུ་འགྲམ་གྱི་ན་གཞུང་དུ་བག་ཕེབས་ངང་ཁ་ཟས་འཚོལ་བཞིན་འདུག”ཅེས་ཝང་ཅན་ཐིང་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་། །