བབ་བཟོ་ཡུལ་ཚོ་ནི་རྫོང་ཡོངས་ཀྱི་ས་རྒྱ་ཆེ་ཤོས་ཀྱི་ཡུལ་གྲོང་ཡིན་ལ། ཁ་སྨད་དང་ཞིང་འཁྱིལ་ནས་གཉན་མདོ་པའི་བར་སྤྱི་ལེ230ལྷག་བར་གྱི་འབྲོག་ཁུལ་སྡོད་དམངས་ཁ་ཐོར་གྱིས་བསྡད་ཡོད་པས། འགྲིམ་འགྲུལ་སྟབས་མི་བདེ་ལ་འཕྲིན་གཏོང་གི་བརྡ་རྟགས་མེད། ལོ་རེའི་ཟླ5པ་ནས11པའི་བར་དུ། ཡུལ་ཚོ་ཡོངས་ཀྱི་མང་ཚོགས་མང་ཆེ་བས་འདིར་ཐོན་སྐྱེད་འཚོ་བ་རོལ་བཞིན་ཡོད་པས། ཡུལ་ཚོའི་དམངས་ཆེན་ཀྲུའུ་ཞི་ཚོགས་པས་ལས་ཀའི་གཙོ་གནད་ཀྱང་མཐའ་མཚམས་འབྲོག་ཁུལ་དུ་ཁ་བསྒྱུར།
མང་ཚོགས་དང་འབྲེལ་བ་སྔར་ལས་གང་ལེགས་བྱས་ཏེ། ཏང་གི་སྲིད་ཇུས་དང་ཁྲིམས་སྲོལ། ཐུགས་ཁུར་བཅས་དོན་འཁྱོལ་བྱེད་ཆེད། ཉེ་ཆར་བབ་བཟོ་ཡུལ་ཚོའི་དམངས་ཆེན་ཀྲུའུ་ཞི་ཚོགས་པ་མཐའ་མཚམས་འབྲོག་ཁུལ་དུ་བསྐྱོད་དེ་སྒྲོག་འགྲེལ་བྱེད་སྒོ་སྤེལ།
བྱེད་སྒོར་འབྲོག་དམངས་ཀྱི་འཚོ་བར་ཉེ་ཞིང་མང་ཚོགས་ཀྱིས་གོ་སླ་བའི་ས་གནས་ཀྱི་ཡུལ་སྐད་ལམ་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་དོན་སྙིང་གལ་ཆེན་དང་ནང་དོན་ཀློག་འགྲེལ་ཞིབ་མོས། མང་ཚོགས་ཀྱིས་དེའི་དགོངས་དོན་གལ་ཆེན་དང་ལྟ་བ། འཐབ་ཇུས་དང་བྱེད་ཐབས་བཅས་ལ་རྒྱུས་ལོན་ཟབ་མོར་བྱེད་པར་ཁྲིད་སྟོན་སྒོས། དོན་དམ་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཀུན་གྱི་སེམས་སུ་བཞག
བྱེད་སྒོར་སྤྱིར་བཏང་གི་ཁ་བརྡའི་ལམ་ནས་རི་གསུམ་དང་མཚམས་གཅིག་གི་འགལ་རྩོད་རིམ་བཤེར་དང་ཐག་གཅོད། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད། གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས། གློག་འཕྲིན་མགོ་སྐོར་འགོག་པ། དུག་འགོག་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་སྒྲོག་འགྲེལ་གནང་བར་མ་ཟད། མང་ཚོགས་ཀྱིས་དོ་སྣང་བྱེད་བཞིན་པའི་གྲོང་གསེབ་དར་སྤེལ་དང་ཐོན་ལས་དར་སྤེལ། རྩྭ་ཕྱུགས་དོ་སྙོམས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ངོ་དང་ངོ་ཐུག་སྟེ་དཀའ་ངལ་དང་དགོས་མཁོ་གླེང་ཞིང་ཐབས་བཀོད་འཐེན་པ་བཅས་ཀྱི་སྒོ་ནས། མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི11འཚོལ་སྡུད་གནང་།