བསྐྱར་དར་རྟགས་ཅན་མཚོ་བོད་ལྕགས་ལམ་དུ་བསྐྱོད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-15


        ཀྲུང་གོ་ལྕགས་ལམ་གྱི་སྐད་འཕྲིན་སྤྱི་སྟེགས་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་6ཚེས་5ཉིན། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ཟི་ལིང་ཤུགས་འགྲེམས་མེ་འཁོར་སྤྱོད་མཐུན་རང་བཞིན་གྱི་བསྒྱུར་བཀོད་ལས་གྲྭའི་ཞིབ་བཤེར་རྩིས་ལེན་དངོས་སུ་བྱེད་འགོ་ཚུགས། དེའི་ཐོག་ནས་མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་ལམ་དུམ་གྱི་སྤུས་ཚད་མཐོར་གཏོང་ལས་གྲྭ་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས་པ་དང་། བསྐྱར་དར་རྟགས་ཅན་མཚོ་བོད་ལྕགས་ལམ་དུ་བསྐྱོད་གྲབས་ཡོད་པ་མཚོན་ཡོད། ཞིབ་བཤེར་རྩིས་ལེན་མཇུག་འགྲིལ་རྗེས། ལས་གྲྭ་དེ་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་ནས། ཚོད་ལྟའི་མེ་འཁོར་ལྕགས་ལམ་ཐོག་སྤྱོད་འགོ་ཚུགས་རྒྱུ་རེད།

        མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་ལམ་དུམ་གྱི་སྤུས་ཚད་མཐོར་གཏོང་ལས་གྲྭ་ལས་འགོ་བཙུགས་ཚུན། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་སྔར་ཡོད་ཀྱི་ཟི་ལིང་ནས་ན་གོར་མོའི་ལམ་དུམ་དང་། ལམ་གཞི། ཟམ་པ། དྲ་སྦྲེལ་སོགས་ཀྱི་གནོད་འཚེར་ཕྱོགས་ཡོངས་ནས་ཞིབ་བཤེར་དང་བཅོས་སྒྲིག་བྱས་པ་དང་། ལམ་ཐིག་ཧྲིལ་པོའི་ཤུགས་འགྲེམས་མེ་འཁོར་འབབ་ཚུགས་ཀྱི་ཆར་རླུང་སྤྱིལ་བུ་དང་། འབབ་ཚུགས། དེ་བཞིན་འགྲུལ་པ་ཅུང་མང་བའི་སྟོང་སྐོར་དང་། མདའ་བཞི། དབུས་ལམ། གཏེར་ལེན་ཁ་སོགས་འབབ་ཚུགས་བར་མའི་མེ་འཁོར་འབབ་ཚུགས་ཀྱི་སྒྲིག་བཀོད་དང་། འགོག་སྲུང་ལྕགས་ར། ཆུ་རྐ། བྱེ་རླུང་འགོག་པ་བཅས་ཀྱི་སྒྲིག་ཆས་ལ་ཁ་གསབ་བཅོས་སྒྲིག་བྱས་ཡོད། སྒྱུར་བཀོད་བྱས་རྗེས། མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་ལམ་དུམ་ལ་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160ཡི་བསྐྱར་དར་རྟགས་ཅན་གྱི་སྒུལ་ཤུགས་གཅིག་སྡུད་རྣམ་པའི་ཤུགས་འགྲེམས་མེ་འཁོར་འཁོར་སྐྱོད་ཀྱི་ཆ་རྐྱེན་འཛོམས་ཡོད་པ་རེད།

        མཚོ་བོད་ལྕགས་ལམ་གྱི་ཟི་ལིང་ནས་ན་གོར་མོའི་ལམ་དུམ་ནི་1984ལོའི་ཟླ་5པར་མེ་འཁོར་ཤར་གཏོང་བྱས་པ་དང་། ཉེ་བའི་ལོ་40ཡི་རིང་གི་འཕེལ་རྒྱས་བརྒྱུད། ད་ཆ་བསྒྱུར་བཀོད་བྱས་རྗེས་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་160ཟིན་པའི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་གཏོང་རྒྱུ་ཡིན་ཞིང་། དེ་ནི་ས་མཐོའི་ལྕགས་ལམ་གྱི་མཆོང་སྐྱོད་གལ་ཆེན་གཞན་ཞིག་ཏུ་འགྱུར་རྒྱུ་དང་། མཚོ་བོད་ལྕགས་ལམ་གྱི་ས་ཁོངས་སྐྱེལ་འདྲེན་གྱི་ལེགས་ཆ་སྔར་ལས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1