༄༅། །བྱིས་པའི་ལུས་སེམས་བདེ་ཐང་དང་སློབ་སྦྱོང་སྐོར་གླེང་བ་ལས་བྱིས་པ་ལོ5ཅན་གྱི་སློབ་གསོ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-15


        

        བྱིས་པ་ལོ5ཅན་གྱི་ནང་སེམས་ནི་སྤྲོ་སྣང་གིས་ཁེངས་ཤིང་འཚོ་བར་དགའ་ཞེན་ཡོད་པར་མ་ཟད། འཚོ་བའི་དྲང་ཕྱོགས་རོལ་མྱོང་བྱེད་བཞིན་ཡོད། ཁྱིམ་བདག་ལ་ཁོ་ནི་བྱིས་པ་ཡ་རབས་སྤྱོད་པ་བཟང་བ་དང་སློབ་གྲོགས་བར་ལ་རྡུང་རེས་མི་བྱེད་པས་ཕུལ་བྱུང་ཞིག་ཡིན་ཞེས་བཤད་ངེས། བྱིས་པ་ལོ5ཅན་གྱིས་ཉིན་མ་རེ་རེ་སྤྲོ་སྣང་གིས་རོལ་བཞིན་ཡོད། ཁོ་ཚོས་ཚད་ལྡན་ལ་དོ་སྣང་བྱེད་མགོ་རྩོམ་པ་དང་། དགེ་རྒན་གྱིས་ཡག་པོར་སྡོད་དུ་བཅུག་ན་དྲང་མོར་འདུག ཁོ་ཚོས་སྒྲིག་ལམ་བརྩི་བར་མ་ཟད་བྱ་སྤྱོད་ལེགས་པོས་དགེ་རྒན་ལ་ངོ་དགའ་བྱེད། དཔེར་ན། དགེ་རྒན་ལ“དགེ་རྒན། ངས་འདི་ལྟར་སྒྲུབ་ན་འགྲིག་གམ། ངས་སྒྲུབ་པ་ཤིན་ཏུ་ལེགས་སམ”ཞེས་འདྲི་བ་དང་། འཚོ་བའི་ཁྲོད་ཀྱི་དམིགས་ཡུལ་གཙོ་བོ་ནི་ཕལ་ཆེར་མི་དར་མ་དགའ་རུ་འཇུག་རྒྱུ་དེ་ཡིན་ལ། སྐབས་འདིར་དགེ་རྒན་དང་ཨ་མ་ནི་ཁོ་ཚོའི་འཇིག་རྟེན་གྱི་ལྟེ་བ་ཡིན་པ་དང་། ཕ་མ་དང་དགེ་རྒན་དགའ་རུ་འཇུག་ཅི་ཐུབ་བྱེད་ཅིང་། ཨ་མར་ཁ་བརྡ་དང་རྩེད་རོགས་བྱེད་པ་དང་། དགེ་རྒན་ལ་བརྩེ་བའི་ལེགས་སྐྱེས་སྟེར་བ་རེད། བྱིས་པ་ལོ4ཅན་ལྟར་རྒྱུན་པར་པྲ་ཚག་མི་བྱེད། ཁོ་ཚོ་རང་ཤུགས་ཀྱིས་སྔར་ལས་ལྷིང་འཇགས་དང་རང་ཚད་འཛིན་ཐུབ་པ། སྒྲིག་སྲོལ་བརྩི་བ་ཞིག་ཏུ་འགྱུར་ངེས། བྱ་བ་གང་སྒྲུབ་འོས་པ་དང་གང་སྒྲུབ་མི་རུང་བ་བརྡར་ཤ་གཅོད་ཐུབ་ཅིང་རང་ཉིད་ཚོད་འཛིན་གྱི་ནུས་པ་ཡང་ལྡན། ཁྱིམ་ཚང་གི་བརྩེ་བ་ཟབ་མོ་ཁོ་ཚོས་ཚོར་ཐུབ་པས་ཁྱིམ་ཚང་ལ་ལྷག་པར་དགའ་བ་རེད།

(གཅིག)སྨྱུ་གུ་བཟུང་ནས་ཡི་གེ་འབྲི་ཐུབ་པའི་བྱིས་པ་ལོ5ཅན།

        བྱིས་པ་ལོ5ཅན་གྱི་ཤ་གནད་ཆེ་བའི་འགུལ་སྐྱོད་ཀྱི་མཉེན་ཆ་ཇེ་མཐོ་ནས་ཇེ་མཐོ་ཡིན་མོད། འོན་ཀྱང་། དོ་མཉམ་ཚོར་དབང་ལེགས་པོ་མེད་པས་རྐུབ་སྟེགས་ལས་ལྷུང་སླ། ཡིན་ཡང་། ལུས་ཕུང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་ཐུབ། ཤ་གནད་ཆུང་བའི་འགུལ་སྐྱོད་ཀྱང་སྔར་ལས་བྱང་ཆུབ་ཡོད་ལ། དྲས་སྦྱར་ལག་ཤེས་བཟོ་བ་ཡང་ཇེ་ལེགས་ཡིན་པ་དང་། མཛུབ་མོ་གསུམ་གྱིས་སྨྱུ་གུ་བཟུང་ནས་དྲང་ཐིག་དང་འཁྱོག་ཐིག་འབྲི་ཐུབ་པ་དང་། གཡོན་ནས་གཡས། སྟེང་ནས་འོག་གི་མཐོང་ཚོར་གྱི་བར་སྟོང་ནུས་པ་སྔར་ལས་དྲག་པོ་ཡོད།

(གཉིས) རྩེད་རོགས་བཟང་པོ་ཡིན་པའི་བྱིས་པ་ལོ5ཅན།

        ཁོ་ཚོ་མང་ཆེ་ཤོས་ནི་ཞི་འཇམ་དང་མཛའ་མཐུན། བརྩི་བཀུར་ལྡན་ཞིང་། རོགས་རམ་དང་མཉམ་འབྲེལ། སྒྲིག་སྲོལ་དང་འཆར་གཞི་ཡོད་པའི་བྱ་བར་དགའ། སྐབས་འདིའི་ཁོ་ཚོའི་བྱ་སྤྱོད་ནི་གུས་ལུགས་དང་མཐུན་ལ། བྱིས་སྙོར་ཁང་ནས་གཞན་གྱིས་ཁས་ལེན་བྱེད་དགོས། ཁ་གསལ་བའི་སྒོ་ནས་ཅི་ཞིག་སྒྲུབ་པ་དང་ཇི་ལྟར་སྒྲུབ་དགོས་པ་བཤད་པར་རེ་སྒུག་བྱེད། ཡིན་ཡང་། ཁོ་ཚོས་མི་གཞན་གྱི་ངོས་ཐད་ནས་བྱ་དངོས་ལ་བལྟ་བར་ད་དུང་དཀའ་ཁག་ཡོད།

(གསུམ)མཚར་སྣང་གིས་ཁེངས་པའི་བྱིས་པ་ལོ5ཅན།

        “ཨ་མ། བར་སྣང་གི་སྤྲིན་པ་ཅི་ཞིག་དང་འདྲ།”“ཨ་མ། ཨའོ་ཐེ་མན་ང་ཚོ་སྐྱོབ་ཏུ་ཡོང་ངམ།”བྱིས་པ་ལོ5ཅན་གྱི་ཀླད་པའི་ནང་མཚར་སྣང་གིས་ཁེངས་ཡོད། ཁོ་ཚོར་མིང་ཚིག་གིས་མི་འདང་བས་མཚོན་པའི་ནུས་པ་ཆེན་པོ་མེད་ཀྱང་། རང་གི་བསམ་ཚུལ་སྐད་གསང་མཐོན་པོས་བཤད་ངེས།

(བཞི)བྱིས་པ་ལོ5ཅན་གྱི་དཔེ་ཀློག་གི་ནུས་པ།

        མཐོང་ལམ་གྱི་རྗེས་ཤུལ(གཡོན་ནས་གཡས)ད་དུང་གྲུབ་ཐག་ཆོད་མེད་པས་སྒོ་སམ་སྟེང་གི་ཡི་གེ་འབྲི་བར་དཀའ་ཁག་ཡོད་པ་དང་། ཐོག་མར་དཔེ་ཀློག་བྱེད་དུས་རྒྱུན་པར་མཛུབ་མོས་གནས་གཏན་འཁེལ་བྱེད་དགོས་པ་དང་། སྐབས་ལ་ལར་མིང་ཚིག་དང་གྲངས་ཀ་མགོ་མཇུག་བསློགས་ནས་འབྲི་བ་རེད། དུས་སྐབས་འདིར་ལག་པས་ཡི་གེ་འབྲི་བར་ཁྲིད་སྟོན་བྱས་ཆོག ཡིན་ཡང་། གྲལ་ཤར་རེ་རེ་གྲལ་དག་པའི་སྒོ་ནས་འབྲི་ཐུབ་པར་བསམ་པའི་རེ་བ་འཛིན་མི་རུང་། མིང་ཚིག་དང་གྲངས་རིག རྒྱ་ཡིག་གྲལ་བསྒྲིགས་ནས་འབྲི་བར་དཀའ་ཁག་ཡོད།

(ལྔ)རྩལ་སྦྱོང་མང་པོ་བྱེད་དགོས་པའི་བྱིས་པ་ལོ5ཅན།

        བྱིས་པ་ལོ5ཅན་ལ་སྔོན་བཞིན་ཕྱི་རོལ་དང་ཁྱིམ་ནང་གི་ལུས་ཕུང་སྦྱོང་བརྡར་མང་པོ་བྱེད་དགོས་པ་དང་། ལོ་ན་འདི་ལ་སྒྲིག་གཞི་ཅན་གྱི་རོལ་རྩེད་འཚམས་ཤིང་། དཔེར་ན། གླག་གིས་བྱ་ཕྲུག་འཛིན་པ་དང་ཚན་རིག་གི་ཚོད་ལྟ་ཆུང་ཆུང་སོགས་ལྟ་བུ།

(དྲུག)བསྐྱར་ཟློས་རང་བཞིན་གྱི་སློབ་སྦྱོང་ཁྲོད་ཤེས་བྱ་སློབ་པའི་བྱིས་པ་ལོ5ཅན།

        བསྐྱར་ཟློས་རང་བཞིན་གྱི་བྱ་སྤྱོད་ཀྱིས་བྱིས་པ་ལོ5ཅན་ལ་སློབ་སྦྱོང་གི་ཕན་འབྲས་ཆེན་པོ་ཐོབ་ཏུ་འཇུག་ཐུབ་པ་དང་། བསྐྱར་ཟློས་ཀྱི་གཏམ་རྒྱུད་དང་སྙན་ཚིག རོལ་དབྱངས། རོལ་རྩེད་སོགས་དང་། ཉིན་རེར་གཏན་འཁེལ་ཡིན་པའི་ངལ་གསོའི་བཀོད་སྒྲིག་ཧ་ཅང་གལ་ཆེན་ཡིན། གཞན་ཡང་། བྱིས་པ་ལོ5ཅན་ནི་བཀོལ་སྤྱོད་བྱས་ཆོག་པའི་དངོས་པོར་ཤིན་ཏུ་དགའ་ལ། དཔེར་ན། ཤིང་དུམ་རྩེད་ཆས། ཚོན་མདོག་བྱུགས་པའི་སྒྱུ་རྩལ་ཐོན་རྫས་དང་བཟོ་རྩལ་ཐོན་རྫས་སོགས་ལྟ་བུ། འདིས་ཁོ་ཚོའི་རང་འགུལ་འཚོལ་ཞིབ་ཀྱི་འདུན་པ་བསྐང་ཐུབ།

(བདུན)ཐེངས་གཅིག་ལ་བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་གཅིག་མ་གཏོགས་སྒྲུབ་མི་ཐུབ་པའི་བྱིས་པ་ལོ5ཅན།

        བྱིས་པ་ལོ5ཅན་གྱིས་ལྷིང་འཇགས་ཀྱིས་སྐར་མ15ནས20བར་བྱ་བ་སྒྲུབ་ཐུབ། ཡིན་ཡང་། ཐེངས་གཅིག་ལ་བྱ་བ་གཅིག་མ་གཏོགས་སྒྲུབ་མི་ཐུབ་ལ། དགེ་རྒན་གྱི་ཆོག་མཆན་ཡོད་ན་ད་གཟོད་བྱ་བ་རྗེས་མ་བསྒྲུབ་ངེས།

(བརྒྱད)དཔེ་ཀློག་ལ་དགའ་བའི་བྱིས་པ་ལོ5ཅན།

        བྱིས་པ་ཆུང་དུས་ནས་གཏམ་རྒྱུད་ལ་ཉན་པར་དགའ་ཞིང་། ལོ5སོན་ན་གཏམ་རྒྱུད་ལ་ཉན་པར་ཆེས་དགའ་བའི་དུས་ཡིན། སྐབས་ལ་ལར་ཁོ་ཚོ་གཏམ་རྒྱུད་ལ་ཉན་རྒྱུར་དགའ་བར་མ་ཟད། དཔེ་ཀློག་དང་ཡི་གེ་ངོས་འཛིན། ཐ་ན་རང་གིས་རང་ལ་གཏམ་རྒྱུད་བཤད་པར་ཡང་དགའ།

(དགུ)བྱིས་སྙོར་ཁང་གི་དགེ་རྒན་ནི་ཁྱིམ་བདག་གི་འཕྲོ་ནས་མི་སྣ་གལ་ཆེན་ཞིག་ཡིན།

        འཚོ་བའི་ཁྲོད། བྱིས་སྙོར་ཁང་གི་དགེ་རྒན་ནི་ཁོ་ཚོས་ཆེས་ཆེར་མཐོང་ཆེན་དང་བརྩི་བཀུར་བྱེད་པའི་མི་སྣ་གལ་ཆེན་དུ་འགྱུར་བ་དང་། ཁྱིམ་བདག་གི་འཕྲོ་ནས་དགེ་རྒན་ལ་དགའ་ཞིང་གུས་པ་དང་། དགེ་རྒན་ལ་རྒྱབ་རྟེན་དང་། དགེ་རྒན་གྱི་འབྲེལ་བ་འཆམ་མཐུན་ཡིན།“འདི་ང་ཚོའི་དགེ་རྒན་གྱིས་ང་ལ་སྒྲུབ་ཏུ་བཅུག་པ་ཡིན”“ང་ཚོའི་དགེ་རྒན་གྱིས་བཤད་པ་རེད”སོགས་ཀྱི་སྐད་ཆ་རྒྱུན་པར་ཐོས་ཐུབ། ཕ་མ་ལས་དགེ་རྒན་གྱི་ཁ་ཏར་ཉན་པ་རེད།

(བཅུ)བྱིས་པ་ལོ5ཅན་ལ་འཚོ་བའི་རང་བདག་ནུས་པ་རིམ་བཞིན་སྨིན་གྱིན་ཡོད་མོད། ཁྱིམ་བདག་གི་རོགས་འདེགས་དགོས།

        བྱིས་པ་ལོ5ཅན་གྱིས་རང་གིས་རྐང་ལག་བཀྲུ་ཐུབ་མོད། ལུས་ཕུང་གི་གནས་གཞན་དག་ཁྱིམ་བདག་གིས་བཀྲུ་རོགས་བྱེད་དགོས། རང་ཉིད་གཅིག་པུས་ལྭ་བ་གྱོན་པ་དང་ཕུད་ཐུབ་མོད། ཡིན་ཡང་གོ་རིམ་ཅུང་ཉོག་འགྲོ་བས་ཁྱིམ་བདག་གིས་ལྭ་བ། རྐང་སྣམ། ལྷམ་དང་རྐང་འབོབ་སོགས་གོ་རིམ་ལྟར་བསྒྲིགས་རྗེས། བྱིས་པར་གོ་རིམ་ལྟར་གྱོན་དུ་འཇུག་པ་དང་། འདི་ལྟར་བྱས་ཚེ་ཁོ་ཚོས་སྔར་ལས་སྒྲིག་ལམ་སྲུང་ངེས།

(བཅུ་གཅིག)བྱིས་པ་ལོ5ཅན་གྱི་སེམས་ཁམས་རིམ་བཞིན་བརྟན་འཇགས་ཡིན།

        བྱིས་པ་ལོ5ཅན་གྱི་སྐད་ཆའི་ནུས་པས་ཁོ་ཚོའི་བསམ་ཚུལ་དང་སེམས་ཁམས་མཚོན་ཐུབ། དེ་བས། སྔོན་ཆད་ལྟར་ཡན་ལག་གི་སྐད་ཆས་སེམས་ཁམས་ཕྱིར་མངོན་པ་དང་མི་འདྲ། ཡིན་ཡང་། ལོ5དང་ཕྱེད་ཀ་ནས་ལོ6གི་བར་མཚམས་ཀྱི་སྐབས་སུ། བྱིས་པའི་སེམས་ཁམས་ནི་ལོ6གི་སྐབས་ཀྱི་བྲེལ་འཚུབ་དང་སེམས་ཁྲལ་ལ་ཐག་ཇེ་ཉེ་རུ་འགྲོ་མགོ་རྩོམ་ལ། ཁོ་ཚོར་སེམས་འཚབ་པའི་གནས་ཚུལ་འབྱུང་བ་དང་། དུས་སྐབས་འདིའི་བྱིས་པས་སེན་མོ་འཆའ་བ། མཛུབ་མོ་འཇིབ་པ། ལྭ་བའི་སྣེ་མོ་བཙིར་བ། བྱིས་པ་ལ་ལས་ད་དུང་སྐྲ་བཏོག་པའི་གནས་ཚུལ་ཡང་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1