༄༅། །རྒ་བ་ལེགས་པར་བསུ་བའི་ཐབས་ཤེས་བཅུ་གཉིས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-15


        ཁ་ན་ཏའི་ཁོ་ལོམ་པི་ཡ་སློབ་གྲྭ་ཆེན་མོའི་སེམས་ཁམས་སྡེ་ཁག་གི་ཞིབ་འཇུག་ཚོགས་པས་ལོ50ཡན་གྱི་བུད་མེད་དར་མ་ཁྲི1.4ལ་རྗེས་འདེད་བརྟག་དཔྱད་བྱས་ཏེ།ཁོ་ཚོའི་ལུས་སེམས་བདེ་ཐང་གི་གནས་ཚུལ་དང་རྒ་བ་ལ་བཅངས་བའི་རྣམ་འགྱུར་སོགས་ལ་རྒྱུས་ལོན་བྱས་པའི་མཇུག་འབྲས་ལྟར་ན། ལོ་ཚོད་ཇེ་མཐོར་སོང་བ་དང་བསྟུན་ནས། སེམས་ཁམས་ལེགས་པོས་རྒ་བ་ལ་གདོང་གཏད་ན་དལ་གཤིས་ནད་རིགས་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་འགྲོ་བ་དང་།ཡི་མུག་ནད་འབྱུང་བའི་ཉེན་ཁ་ཕྱེད་ཀ་ཡིས་ཇེ་ཉུང་དུ་འགྲོ་ཞིང་།ཀླད་པ་དང་རིག་ལམ་ཇེ་གསལ་དུ་འགྲོ་ལ། དེ་ལས་ལྡོག་སྟེ་རྒ་བ་ལ་སྡུག་བསྔལ་གྱི་བསམ་པས་བལྟས་ན་རྒས་ཚད་ཇེ་མགྱོགས་སུ་འགྲོ་བཞིན་ཡོད། ཞིབ་འཇུག་ཚོགས་པ་དེས་དེའི་ཐད་ལ་གྲོས་གཞི་འགའ་བཏོན་ཡོད་པ་སྟེ།

        གཅིག འཚོ་བར་ཁ་ཕྱོགས་ཡོད་པར་བྱེད་པ། ལས་འཁྱུར་ངལ་གསོ་བྱས་རྗེས་འཚོ་བར་དམིགས་འབེན་དང་ཁ་ཕྱོགས་མེད་པར་གྱུར་ན།ཐོག་མར་རང་ཉིད་ཀྱི་སེམས་སུ་ཆེས་གཅེས་པར་འཛིན་པ་དེ་ནི་ཅི་ཞིག་ཡིན་པར་བསམ་བློ་གཏོང་དགོས། གལ་ཏེ་ཁྱེད་ཀྱི་སེམས་ན་ཆེས་གལ་ཆེ་བ་ནི་ཁྱིམ་ཚང་ཡིན་པར་འདོད་ན།ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་སེམས་ཤུགས་དང་དུས་ཚོད་མང་པོ་ཁྱིམ་ཚང་གི་སྟེང་དུ་བཀོལ་བ་དང་།གལ་ཏེ་ཁྱེད་ཀྱིས་དུས་རྒྱུན་དུ་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱེད་ཀྱིན་ཡོད་ན།ཁོར་སྲུང་དང་བླངས་ཞབས་ཞུའི་ཁྲོད་དུ་ཞུགས་པར་ཚོད་ལྟ་བྱེད་ཆོག

        གཉིས། རྒ་བའི་སྐོར་གྱི་ལྡོག་ཕྱོགས་ཆ་འཕྲིན་ལ་མི་ལྟ་བ། དྲ་བའི་སྟེང་དུ་རྒ་བའི་སྐོར་གྱི་ལྡོག་ཕྱོགས་ཆ་འཕྲིན་མི་ཉུང་བ་ཡོད་ལ།རྒྱུན་དུ་ཆ་འཕྲིན་དེའི་རིགས་ལ་བལྟས་ན་སེམས་མི་སྐྱིད་པ་དང་རེ་ཐག་ཆད་པའི་སེམས་ཁམས་འབྱུང་སྲིད།ལོ་ན་རྒས་རྗེས་རྒ་བ་ལ་ངོས་འཛིན་ཡང་དག་བྱས་ཏེ།སེམས་ཁམས་ལེགས་པོ་ཡིས་འཚོ་བར་གདོང་གཏོད་དགོས།

        གསུམ། བྱ་དངོས་གསར་པར་ཚོད་ལྟ་བྱེད་ཕོད་པ།རང་འགུལ་གྱིས་ལུས་ཚེགས་མང་པོ་འདོན་མི་དགོས་པར་སློབ་ཐུབ་པའི་རྩལ་ནུས་གསར་པ་སྦྱངས་ཏེ།རང་ཉིད་ཀྱི་སེམས་ཁམས་གཞོན་པར་ཆགས་སུ་འཇུག་དགོས།ཞིབ་འཇུག་ལས་མངོན་པ་ལྟར་ན།རྒན་པ་རྣམས་ཀྱིས་བྱ་དངོས་གསར་པར་སློབ་སྦྱོང་བྱས་ན།དྲན་པ་ཇེ་གསལ་དུ་འགྲོ་བར་ཕན་པ་དང་རང་བཀུར་གྱི་བསམ་པ་དང་སྤྱི་ཡོངས་ཀྱི་འཚོ་བའི་སྤུས་ཀ་ཇེ་མཐོར་འགྲོ་བཞིན་ཡོད།

        བཞི། སྤྱི་ཚོགས་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་པ།《ཨ་རིའི་སྙིང་གི་མཐུན་ཚོགས་དུས་དེབ》སྟེང་བསྟན་དོན།ཁེར་རྐྱང་དུ་ལུས་པ་དང་སུན་སྣང་བྱུང་བ། སྤྱི་ཚོགས་འབྲེལ་འདྲིས་ཞན་པ་སོགས་ཀྱིས་མིའི་རང་བཀུར་གྱི་བསམ་པ་ཇེ་དམའ་རུ་འགྲོ་བ་དང་། ཡི་མུག་ནད་དང་སྙིང་ནད། གྲིབ་ནད་སོགས་ཀྱི་འབྱུང་ཚད་ཇེ་མཐོ་རུ་འགྲོ་བཞིན་ཡོད། རྒན་པ་རྣམས་ཀྱིས་གྲོགས་པོ་གསར་པ་མང་པོ་ངོ་ཤེས་པར་འབད་པ་དང་། སྤྱི་ཚོགས་བྱ་འགུལ་མང་པོར་ཞུགས་ནས།སྤྱི་ཚོགས་འབྲེལ་འདྲིས་རྒྱུན་འཁྱོངས་བྱེད་དགོས།

        ལྔ། ལུས་སྦྱོང་རྒྱུན་འཁྱོངས་བྱེད་པ། ལུས་སྦྱོང་རྒྱུན་འཁྱོངས་བྱེད་པ་ནི་རྒ་བ་ལ་རྣམ་འགྱུར་ལེགས་པོ་བཅངས་པའི་རྨང་གཞི་གལ་ཆེན་ཡིན། ལུས་སྦྱོང་བྱེད་ན་ཤ་གནད་སྲུང་འཛིན་བྱེད་ཐུབ་པས།རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་ལུས་ཕུང་གི་གནས་ཚུལ་ལ་བལྟས་ནས་ལུས་སྦྱོང་བྱེད་དགོས།དཔེར་ན་མེ་ཏོག་ལྡུམ་རར་བདག་སྐྱོང་བྱེད་པ་དང་གཅེས་ཁྱི་གསོ་བ་སོགས་ལ་བརྟེན་ནས་དུས་རྒྱུན་གྱི་འགུལ་སྐྱོད་ཚད་ཇེ་མང་དུ་གཏོང་བ་ལྟ་བུ།

        དྲུག རང་ཉིད་ལ་འཚམ་པའི་བཟའ་བཏུང་སྤྱོད་པ། ཞིབ་འཇུག་ལས་མངོན་པ་ལྟར་ན། རང་ཉིད་ལ་འཚམ་པའི་བཟའ་བཏུང་སྤྱད་ན་སེམས་རྐྱེན་རང་བཞིན་གྱི་གློ་བུར་འཆི་བའི་ཉེན་ཁ་ཇེ་དམའ་རུ་འགྲོ་བ་དང་།དུས་རྒྱུན་དུ་སྔོ་ཚོད་གསར་པ་དང་སྲན་མའི་རིགས།སྤུས་ལེགས་བཟའ་སྣུམ། འོ་བཟོས་ཟས་རིགས་དང་ཉ་ཤ་སོགས་འོས་འཚམ་བསྟེན་དགོས།

        བདུན། གཉིད་བདེ་བ། རྒན་པ་མི་ཉུང་བ་ཞིག་ལ་གཉིད་དུ་ཡུར་དཀའ་བ་དང་གཉིད་མི་བདེ་བར་མ་ཟད།སུན་སྣང་སྐྱེས་པ་དང་བརྗེད་ངེས་ཆེ་བ།རྣམ་རིག་གཅིག་ཏུ་སྒྲིམ་མི་ཐུབ་པ་སོགས་ཀྱི་གནས་ཚུལ་འབྱུང་གིན་ཡོད། རྒན་པ་རྣམས་ཆོས་ཉིད་ཡོད་པའི་སྒོ་ནས་ངལ་གསོ་བ་དང་ཉལ་ཁར་ལུས་སྦྱོང་དྲག་པོ་མི་བྱེད་པར། ཁ་ཏོན་རེ་འདོན་བཞིན་སྟོང་མདང་རེ་བརྒྱབ་ན་གཉིད་སྐྱིད་པོ་ཡོང་བར་ཕན།

        བརྒྱད། ཐ་མག་མི་འཐེན་པ། ལོ་ངོ་བཅུ་ཕྲག་འགའ་ལ་ཐ་མག་འཐེན་མྱོང་མཁན་རྣམས་ཀྱིས་ཀྱང་ཐ་མག་བཅད་ན་ལུས་ཕུང་བདེ་ཐང་ཡོང་བའི་ཐད་ཕན་པ་མང་པོ་ཞིག་འབྱུང་བ་སྟེ། འབྲས་སྐྲན་འདུ་བའི་དལ་གཤིས་ནད་རིགས་མང་པོ་ཞིག་གི་འབྱུང་ཚད་ཇེ་དམའ་རུ་འགྲོ་བ་དང་།ཁྲག་གི་འཁོར་རྒྱུག་ཇེ་ལེགས་སུ་འགྲོ་ལ།སྣོམ་ཚོར་དང་རོ་ཚོར་ཇེ་ལེགས་སུ་འགྲོ་བ་དང་།གཞན་ད་རུང་འགུལ་སྐྱོད་ཀྱི་ནུས་པ་ཇེ་དྲག་ཏུ་འགྲོ་བ་རེད།

        དགུ། ཆང་བཅུད་དང་རིང་དུ་གྱེས་པ། རྒན་པ་ཁ་ཤས་ཤིག་ཆང་ལ་བརྟེན་ནས་སེམས་ཀྱི་སྡུག་བསྔལ་སེལ་བར་བྱེད་རྒྱུར་དགའ་ལ།ཐ་ན་ཆང་ལ་བག་མེད་དུ་རོལ་བཞིན་པའང་མང་།དེས་ལུས་སྟེང་གི་དོན་སྣོད་ཡོངས་རྫོགས་ལ་གནོད་པ་ཐེབས་ཤིང་།ཀླད་པའི་རྒས་འགྱུར་གྱི་ཚད་ཇེ་མགྱོགས་སུ་གཏོང་བཞིན་ཡོད།

        བཅུ། དུས་བཅད་ལྟར་ལུས་ཕུང་ལ་བརྟག་པ། རྒན་པ་རྣམས་ཀྱིས་རྒ་བ་ལ་རྣམ་འགྱུར་ལེགས་པོ་འཆང་དགོས་ན། བྱུང་ཡོད་པའི་ནད་རིགས་གསོ་བཅོས་བྱེད་དགོས་པར་མ་ཟད་མ་བྱུང་བའི་ནད་རིགས་སྔོན་འགོག་ཡང་བྱེད་དགོས།དུས་བཅད་ལྟར་ལུས་ཕུང་ལ་བརྟག་དཔྱད་བྱས་ན།ལུས་པོར་ནད་རིགས་བྱུང་ཡོད་པ་དུས་ཐོག་ཏུ་ཤེས་པས།རྒན་པ་རྣམས་ཀྱིས་ཆེས་ཉུང་ནའང་ལོ་རེར་ལུས་བརྟག་ཐེངས་གཅིག་རེ་བྱེད་དགོས།

        བཅུ་གཅིག ཡི་མུག་པའི་རྟགས་ཡོད་ན་མྱུར་དུ་སྨན་བཅོས་བྱེད་དགོས། ཡི་མུག་ནད་པ་རྒན་པ་རྣམས་ཀྱི་ནད་རྟགས་གཙོ་བོ་ནི་སེམས་ཁམས་མི་སྐྱིད་པ་དེ་མ་ཡིན་པར། བྱ་དངོས་གང་ལའང་སྤྲོ་བ་མེད་ལ་ཟས་ལ་ཡི་ག་མེད་པ་དང་གཉིད་མི་ཡོང་བ་དེ་རེད།གལ་ཏེ་རྒན་པ་རྣམས་ལ་ནད་རྟགས་དེའི་རིགས་ཡོད་ན་ཁྱིམ་མིས་མྱུར་དུ་སྨན་ཁང་དུ་ཁྲིད་དེ་སྨན་བཅོས་བྱེད་དགོས།

        བཅུ་གཉིས། དགའ་ཕྱོགས་གསོ་སྐྱོང་བྱེད་པ། རྒན་པ་རྣམས་ཀྱིས་དགའ་ཕྱོགས་ཤིག་སྐྱེད་སྲིང་བྱེད་དགོས།དེ་ལྟར་བྱས་ན་དུས་ཚོད་སྐྱེལ་ཐུབ་པར་མ་ཟད་ཚེ་ཐག་རིང་པོ་ཡོང་བར་ཡང་ཕན།ཞིབ་འཇུག་ལས་མངོན་པ་ལྟར་ན།ཉིན་རེར་དཔེ་ཀློག་དུས་ཚོད་གཅིག་རེར་བྱས་པའི་རྒན་པ་རྣམས་ཀྱི་རིག་པ་གཞན་པ་ལས་གསལ་ལ།གཅེས་ཟོག་གསོ་བའི་རྒན་པ་རྣམས་ཀྱི་རིག་པའང་གཞན་པ་ལས་གསལ་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1