གནའ་སྔ་མོ་ཞིག་ལ་ལེ་ལོ་ཅན་གྱི་བུ་གཉིས་ཡོད་དེ། གཅིག་གི་མིང་ལ་བཀྲ་ཤིས་དང་གཞན་པའི་མིང་ལ་དོན་འགྲུབ་ཟེར། ཁོ་གཉིས་ཉིན་རྒྱུན་དུ་ལེ་ལོའི་ངང་སྡོད་པ་ལས་ངལ་རྩོལ་གཏན་ནས་མི་བྱེད་པས། ཟས་གོས་ཡོད་ཚད་ཕ་མས་སྦྱིན་བཞིན་ཡོད་པ་རེད། དེ་ལྟར་ཡུན་རིང་བོ་ཞིག་འགོར་བའི་ཉིན་ཞིག ཡབ་ཡུམ་གཉིས་ཀ་ཁོང་ཁྲོ་སྐྱེས་ཏེ་བུ་གཉིས་ལ་གལ་ཏེ་ཁྱོད་ཚོས་ལས་ཀ་མི་ལས་ན། ངེས་པར་དུ་གནས་གཞན་ཞིག་ལ་སོང་སྟེ་འཚོ་བ་རོལ་ཅིག་ཅེས་བཤད། དེ་བས་ཁོ་སྤུན་གཉིས་ཀ་ཕ་ཡུལ་དང་བྲལ་ཏེ། སྤྲང་བོ་ཞིག་གི་ཚུལ་བཞིན་གྲོང་གསེབ་ཏུ་འཁྱམས། ཉིན་ཞིག་གི་དགོང་མོ་ཁོ་སྤུན་གཉིས་ཀ་མེ་མཐའ་རུ་བསྡད་དེ་མ་འོངས་པའི་སྐོར་ལ་ལབ་གླེང་བྱས། བཀྲ་ཤིས་ཀྱིས་གལ་ཏེ་ངེད་གཉིས་ཀྱིས་དཀའ་ལས་ཅི་ཡང་མྱོང་མི་དགོས་པར་ཞིམ་མངར་ཅན་གྱི་ཟས་དང་དྲོད་འཇམ་ལྡན་པའི་གྱོན་གོས་སོགས་ལོངས་སུ་སྤྱོད་ཐུབ་ན་ཧ་ཅང་བཟང་། འོན་ཀྱང་ས་ཆ་འདི་འདྲ་ཞིག་ཡོད་མེད་ངས་མི་ཤེས་ཞེས་བཤད། ངས་གོ་ཐོས་ལ་འཇིག་རྟེན་གྱི་ཁམས་སུ་འདི་འདྲའི་ས་ཆ་ཞིག་མི་གནས། ཡིན་ཡང་མི་ཚང་མས་བཤད་པ་ལྟར་ན་ལྷ་ཡུལ་ནི་དེ་འདྲ་ཞིག་ཡིན་ཟེར། དོན་འགྲུབ་ཀྱིས་བཤད། བཀྲ་ཤིས་ཀྱིས་ངས་ལྷ་ཡུལ་ལ་ཇི་ལྟར་འགྲོ་ཚུལ་ཤེས། གལ་ཏེ་ངལ་རྩོལ་བྱེད་མི་དགོས་ན་མི་ཚང་མས་ང་ཚོར་དམའ་འབེབས་མི་བྱེད་ཁོ་ཐག་ཡིན་ཞེས་བཤད། ང་ཚོ་ལྷ་ཡུལ་ལ་ཇི་ལྟར་འགྲོ གལ་ཏེ་འགྲོ་ཐུབ་ན་དེ་ཡག་པོ་འདུག་ཅེས་དོན་འགྲུབ་ཀྱིས་དྲིས་པ་ལ། བཀྲ་ཤིས་ཀྱིས་བཤད་རྒྱུར། ཐོག་མར་ང་ཚོས་སྐས་ཧ་ཅང་རིང་བོ་ཞིག་འཚོལ་དགོས། ཡུད་ཙམ་འགོར་རྗེས་ཁོས་ཡང་གལ་ཏེ་ང་ཚོར་སྐས་རིང་པོ་ཞིག་མེད་ནའང་འགྲོ་ཐུབ་ཅེས་བཤད། ངོ་མ་ཡིན་ནམ། དོན་དེ་ང་ཚོས་ཇི་ལྟར་བྱེད་དགོས་ཞེས་དོན་འགྲུབ་ཀྱིས་དྲིས། བཀྲ་ཤིས་ཀྱིས་བཤད་རྒྱུར། རི་རྩེ་རུ་བྱ་ཆེན་ཞིག་གིས་ཚང་བཅས་ཡོད། ང་ཆུང་དུས་སུ་སྤོ་བོ་ལགས་དང་མཉམ་དུ་གནས་དེར་སོང་མྱོང་ལ་དེ་ནི་ཁོ་བོས་བྱ་གླག་འཛིན་ས་ཡིན། གལ་ཏེ་ངེད་གཉིས་ཀྱིས་བྱ་གླག་དེ་འཛིན་ཐུབ་པ་བྱུང་ན་ལྷ་ཡུལ་ལ་འགྲོ་སའི་ལམ་རྙེད་ཐུབ། དེ་ནི་ངོ་མ་ཐབས་ཡག་པོ་རེད། ངེད་གཉིས་ཀྱིས་ཀྱང་དེ་བཞིན་དུ་བསྒྲུབ་དགོས་ཞེས་དོན་འགྲུབ་ཀྱིས་བཤད། ཕྱི་ཉིན་ཞོགས་པར་ཁོ་ཕུ་ནུ་གཉིས་ཀ་རི་ལ་འགོས་ཏེ་བྱ་གླག་གི་ཚང་རྙེད་པ་དང་རྟབ་རྟབ་པོར་དེའི་ལོགས་སུ་ཡིབས་ཏེ་བྱ་གླག་ལ་སྒུག ཉི་མ་ནུབ་ཁའི་དུས་སུ་བྱ་གླག་ཅིག་བར་སྣང་ནས་མར་འབབ་ཀྱིན་འདུག བྱ་གླག་དེ་བྱ་ཚང་ནང་དུ་བབས་པའི་དུས་ལ། བཀྲ་ཤིས་ཀྱིས་བྱ་གླག་གི་རྐང་བར་འཐམས། གློ་བུར་དུ་འཇིགས་སྐྲག་གིས་སྐུལ་བས་བྱ་གླག་དེ་ཕྱིར་དགུང་སྔོན་གནམ་ལ་འཕུར། བཀྲ་ཤིས་ཀྱིས་རང་གི་སྤུན་ལ་ངའི་རྐང་བར་འཇུས་ཞེས་སྐད་བརྒྱབ་པས། དེ་བས་དོན་འགྲུབ་ཀྱིས་ཁོའི་གཏད་རྐང་བར་འཐམས་པ་རེད། བྱ་གླག་གིས་དགུང་སྔོན་གྱི་དབྱིངས་སུ་གནམ་འཕང་གཏོད་པས་ཁོ་གཉིས་ལྷ་ཡུལ་ལ་འགྲོ་སའི་ལམ་བར་ནས་སྔོན་རྗེས་སུ་ཕར་གཡུག་ཚུར་གཡུག་བྱས། ང་ཚོ་ད་དུང་མ་ཐོན་ནམ། ངས་ཡུན་རིང་དུ་འཇུ་མི་ཕོད། ཅེས་དོན་འགྲུབ་ཀྱིས་དྲིས། གློ་བུར་དུ་བཀྲ་ཤིས་ཀྱིས་སྤྲིན་གསེབ་ཏུ་ཁུང་བུ་ཆེན་པོ་ཞིག་བརྟོལ་ཡོད་པ་མཐོང་བས། ད་ནི་ཐག་རིང་བོ་མི་འདུག ད་ལྟ་ངས་ལྷ་ཡུལ་ལ་འགྲོ་སའི་ཁུང་བུ་མཐོང་ཐུབ་ཅེས་བཤད། དོན་འགྲུབ་ཀྱིས་སྐད་ཆ་དེ་ཐོས་པས་དགའ་སྤྲོ་ཆེན་པོ་སྐྱེས། སྒོ་ཡི་ཆེ་ཆུང་ཅི་ཙམ་འདུག ཁྱོད་ཀྱིས་བསམ་ན་སྒོ་དེ་ཏག་ཏག་ངེད་གཉིས་ཀྱི་ལུས་དང་རན་པ་ཡིན་ནམ་ཞེས་དོན་འགྲུབ་ཀྱིས་དྲིས། བཀྲ་ཤིས་ཀྱིས་ཕྱིར་རེད་ཡ། དེའི་ཆེ་ཆུང་ཚད་དང་རན་པ་རེད། ཅེས་བཤད་པ་ལ། ཡང་དོན་འགྲུབ་ཀྱིས་འོ་ན་དེའི་ཆེ་ཆུང་ཇི་ཙམ་རེད་ཅེས་དྲིས་པར། བཀྲ་ཤིས་ཀྱིས་རང་གི་ལག་པས་དོན་འགྲུབ་ལ་སྒོ་ཡི་ཆེ་ཆུང་སྟོན་པའི་སྐབས་སུ། སྐད་ཅིག་ཉིད་དུ་ཁོ་སྤུན་གཉིས་ཀ་བར་སྣང་ནས་མར་ལྷུང་སྟེ་ཤ་རྡོག་ཞིག་ཏུ་གྱུར་ཏོ།།