ཆང་རྫུན་མ་ཤེལ་དམ་ཁྲི་16རྩད་ཆོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-16


        ཉེ་ཆར། ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གསར་འགྱུར་གཞུང་དོན་ཁང་གིས་བརྡ་ཁྱབ་བཏང་བར་གཞིགས་ན། ཡུན་ནན་ཞིང་ཆེན་ལིན་ཚང་གྲོང་ཁྱེར་ཧྲོང་ཅང་རྫོང་སྤྱི་བདེ་ཅུས་ཀྱིས། ཐོ་འགོད་ཚོང་རྟགས་རྫུས་མའི་ཚོང་ཟོག་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་། ཆང་རྫུན་མ་ཤེལ་དམ་ཁྲི་16.1རྩད་ཆོད་པས། གྱོད་འབྲེལ་གྱོད་གཞི་སྒོར་དུང་ཕྱུར་5.3ཟིན་ཞིང་། ཡུན་ནན་ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་ཉེ་བའི་ལོ་ཤས་རིང་རྩད་ཆོད་ཐུབ་པའི་གྲངས་འབོར་མང་ཤོས་དང་། ཤེས་བྱའི་ཐོན་དབང་དང་འབྲེལ་བའི་ཆང་གི་རིགས་ཀྱི་ཉེས་གསོག་གྱོད་གཞི་ཆེ་ཤོས་སུ་གྱུར་ཡོད་པ་རེད། གྱོད་གཞི་བདེ་བླག་ངང་རྩད་ཆོད་ཐུབ་པ་དེས་རྒྱ་ཆེའི་འཛད་སྤྱོད་པ་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ནུས་ལྡན་ཐུབ་ཡོད།

        ད་ཐེངས་ཀྱི་གྱོད་གཞིའི་འབྱུང་ཁུངས་ནི་2021ལོའི་ཟླ་12ཚེས་29ཉིན་ནས་ཡིན་ཞིང་། ཧྲོང་ཅང་རྫོང་སྤྱི་བདེ་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་ཟོག་འགྲེམས་སྟེགས་བུ་ཞིག་གི་ནང་། ཡུལ་དངོས་ནས་ཐོ་འགོད་ཚོང་རྟགས་རྫུས་མ་ཡིན་པའི་སྤུས་རྟགས་གྲགས་ཅན་གྱི་ཆང་སྒམ་555སྟེ་ཁྱོན་ཤེལ་དམ་6660ཞིབ་བཤེར་བྱུང་བ་དང་། ཐོ་འགོད་ཚོང་རྟགས་རྫུས་མའི་ཨ་རག་དཀར་པོའི་རིན་པ་སྒོར་ཁྲི་1000ལྷག་ཙམ་ཟིན་ཡོད་པ་རེད། དེ་ནས་བཟུང་ཉེས་གསོག་ཚོགས་པ་དེར་མྱུལ་ཞིབ་བྱེད་འགོ་བརྩམས་པ་རེད།

        གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མགྱོགས་མྱུར་ཞིབ་འཇུག་བྱས་ཏེ། ཉེན་རྟོག་པ་ཧྲག་སྒྲུག་བྱས་ནས་མཉམ་འབྲེལ་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས། “ལྷུ་ཚིགས་ཡོངས་དང་། རྒྱུ་རྐྱེན་ཡོངས། འབྲེལ་ཐག་ཡོངས”བཅས་ལ་རྡུང་རྡེག་གཏོང་བར་དམིགས་ནས། “འབྱུང་རྩ་གཏོར་བ་དང་། ཐོན་གནས་འདོན་པ། དྲ་རྒྱ་གཏོར་བ། འབྲེལ་ཐག་གཅོད་པ། འགྲོ་ཕྱོགས་འཚོལ་ཞིབ”བཅས་བྱེད་པའི་ལས་ཀའི་བླང་བྱ་གཞིར་བཟུང་། གྱོད་གཞི་རྙོག་འཛིང་ཆེ་བ་དང་། གྱོད་འབྲེལ་མི་སྣ་མང་བ། གྱོད་འབྲེལ་ས་ཁོངས་ཆེ་བ། ཞིབ་དཔྱད་གསལ་འབྱེད་དཀའ་བ། དཔང་རྟགས་འཚོལ་ཡུན་རིང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ། ཞིང་ཆེན་བརྒལ་ནས་མྱུལ་ཞིབ་བྱས་མཐར་ཉེས་གསོག་དོགས་ཅན་5བཟུང་ནས་གྱོད་གཞི་རྩད་ཆོད་ཐུབ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1