སྒྲུང་པ་སྐལ་བཟང་གྲགས་པ་ལགས་ནི1953ལོར་བསང་ཆུ་རྫོང་བླ་བྲང་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ8ཡས་མས་ཀྱི་སྔོན་མཆོག་སྡེ་བ་རུ་སྐྱེས་ཤིང་། ཆུང་དུས་སུ་ལོ་གཅིག་གཉིས་ཙམ་ལ་སློབ་གྲྭར་འགྲིམས་མོད་སློབ་ཆུང་མཐར་མ་ཕྱིན། ཕྱིས་སུ་མདོ་སྨད་ཆོས་སྡེ་ཆེན་པོ་དཔལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་ནས་རབ་ཏུ་བྱུང་སྟེ་སློབ་གཉེར་བྱེད་པའི་གོ་སྐབས་ཐོབ་མོད་ཀྱང་། དུས་ཀྱི་གོད་ཆག་གི་དབང་གིས་དགོན་པ་ནས་བུད་དེ་སྐྱ་སར་བབས། ལོ་བཅུའི་རིག་གནས་གསར་བརྗེ་ཆེན་མོ་མཇུག་བསྒྲིལ་རྗེས། 1982ལོ་ནས་བཟུང་ཁོང་གིས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྣམ་ཐར་འཁྲབ་སྟོན་རུ་ཁག་ལ་རམ་འདེགས་དང་བསང་ཆུ་རྫོང་རྒྱོའུ་རྒྱ་ཤང་ཨ་མཆོག་སྡེ་བའི་འཁྲབ་སྟོན་རུ་ཁག་བསྐྱར་འཛུགས་དང་བཅོས་སྒྲིག་སྒོས་བོད་ཀྱི་རིག་གནས་ཡར་སྐུལ་གྱི་བྱ་བར་འཇུས་ཏེ་གེ་སར་རྒྱལ་པོའི་རྣམ་ཐར《བདུད་འདུལ》དང་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་སོགས་འཁྲབ་སྟོན་བྱས་ནས་སྡེ་བ་ཚོ་བའི་ཡོང་སྒོ་ཙམ་བཙལ། སྐབས་དེར་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ཧ་ཅང་ཞན་པས། ཟློས་གར་ཚོགས་པར་འཁྲབ་སྟོན་བྱེད་པར་མཁོ་བའི་འཁྲབ་གོས་འཁྲབ་ཆས་སོགས་ཉོ་བའི་མ་དངུལ་ལ་ཡང་དཀའ་ངལ་གང་མང་བྱུང་། འཁྲབ་སྟོན་བྱེད་པར་ཡོང་སྒོ་ཧ་ཅང་ཉུང་ནའང་ཁོང་གིས་རང་གི་འཁྲབ་སྟོན་རུ་ཁག་ལ་མགོ་འཛིན་མཛད་ཅིང་རང་ས་གནས་གཙོས་ཉེ་འབྲེལ་གྱི་མཚོ་སྔོན་དང་ཀན་སུའུ་སོགས་སུ་ཁྲིད་པ་དང་འཁྲབ་སྟོན་བྱས་ནས་རྣམ་ཐར་ཟློས་གར་ཁྱབ་སྤེལ་དང་རྒྱུན་འཛིན་བྱས། 1981ལོར་ཀན་ལྷོ་ཁུལ་བོད་ཀྱི་ཟློས་གར་ཚོགས་པ་དངོས་སུ་ཚུགས་ཤིང་། དམངས་ཁྲོད་ཀྱི་སྒྱུ་རྩལ་པ་སྡུད་ལེན་ཁྲོད་ཁོ་རང་སྡུད་ལེན་བྱས་ནས་དེ་རུ་བྱ་བ་གཉེར་མགོ་བརྩམས་ཏེ་སྔ་ཕྱིར་འཁྲབ་གཞུང་རྩོམ་སྒྲིག་པ་དང་། འཁྲབ་ཁྲིད་པ། གཙོ་འཁྲབ་པའི་འགན་བཞེས་ནས《བདུད་འདུལ》འཁྲབ་སྟོན་བྱས་པ་དང་། ཟློས་གར་ཚོགས་པ་ལྷ་སའི་ཞོ་སྟོན་དུ་གདན་དྲངས་ནས་རྣམ་ཐར་འཁྲབ་སྟོན་བྱས་པར་ས་དེ་གའི་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། ཞོར་དུ་ལོ་གསུམ་གྱི་རིང་ལ་བསང་ཆུ་རྫོང་བླ་བྲང་དགོན་པའི་སྔགས་པ་གྲྭ་ཚང་གི་རྣམ་ཐར་འཁྲབ་སྟོན་རུ་ཁག་ལ་གཞོགས་འདེགས་ཀྱིས་འཁྲབ་སྟོན་བྱས་ཤིང་། གླིང་སྒྲུང་ཟློས་གར《ཨ་སྟག་ལྷ་མོ》ཞེས་པའི་ཁྲོད་གཙོ་འཁྲབ་པའི་འགན་བཞེས་ཏེ་གླིང་རྗེ་གེ་སར་འཁྲབ་སྟོན་མཛད། 1984ལོའི་ཟླ8པར་སྒྲུང་པ་སྐལ་བཟང་གྲགས་པ་ཉིད་ཀན་སུའུ་ཡི་འཐུས་ཚབ་པ་བྱས་ནས་བོད་ལྗོངས་ལྷ་སར་སྤེལ་བའི་ཞིང་ཆེན་དང་ས་ཁུལ་བདུན་གྱི་གེ་སར་དམངས་ཁྲོད་སྒྱུ་རྩལ་པའི་འཁྲབ་ལེན་སྤྲོ་ཚོགས་སུ་ཞུགས་པ་དང་ཁོང་གིས་སྒྲུང་འཆད་གྱེར་ལ་མཁས་པ་གང་མང་གིས་གདེང་འཇོག་ཚད་མཐོན་པོ་གནང་། 1986ལོའི་ཟླ4པར་ཀྲུང་གོའི་སྤྱི་ཚོགས་་་ཚན་རིག་ཁང་དང་རིག་གནས་པུའུ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ཁང་། ཀྲུང་གོའི་དམངས་ཁྲོད་རིག་རྩལ་ཞིབ་འཇུག་ལྷན་ཚོགས་བཅས་ཀྱིས་གླིང་གེ་སར་རྒྱལ་པོའི་སྒྲུང་མྱུར་སྐྱོབ་དང་བསྡུ་སྒྲིག་ལ་བྱས་རྗེས་ཡོད་པའི་མི་ཞེས་པའི་གཟི་བརྗིད་ཀྱི་མཚན་སྙན་གནང་། 1989ལོའི་ཟླ5པར་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གིས་ཁོང་གིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འཆད་གྱེར་དང་སྔོག་འདོན་བྱས་པར་གྲུབ་འབྲས་ལེགས་པོ་ཡོད་པར་གཟི་བརྗིད་ཀྱི་བཟང་བསྟོད་བྱས། ལོ་དེའི་དབྱར་ཁར་ཀན་སུའུ་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གིས་གདན་འདྲེན་ཞུས་ཏེ་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོར་གེ་སར་སྒྲུང་འཁྲབ་ལེན་གྱི་སྐོར་སྐྱོད་འཁྲབ་སྟོན་དུ་ཕེབས་ནས《རྟ་རྒྱུག་ནོར་བུ་ཆ་བདུན》དང《ཧོར་གླིང་གཡུལ་འགྱེད》སོགས་ཀྱི་འཁྲབ་སྟོན་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། ཡིན་ཡང་ལོ་འགའི་རྗེས་སུ་རང་གི་འདོད་བློ་དང་བསམ་པའི་འཁྱེར་ཕྱོགས་ཤིག་གིས་ཁོ་རང་ཟློས་གར་ཚོགས་པ་ནས་ཕྱིར་བུད་པ་དང་། རང་དབང་གི་འཚོ་བ་ལ་རེ་སྙེག་དང་གེ་སར་རྒྱལ་པོའི་སྒྲུང་འཆད་གྱེར་གྱིས་ཆེད་དུ་མགོ་ལོག་སོགས་ས་ཁུལ་དུ་ཕེབས་ཏེ་གེ་སར་སྒྲུང་འཆད་གྱེར་གྱི་ལམ་ལ་ཞུགས་ཤིང་། 1978ལོ་ནས་བཟུང་སྟེ་ཁོང་གིས་ཀན་ལྷོ་་་་དང་མཚོ་སྔོན། སི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བཅས་ཀྱིས་མཐུན་རྐྱེན་གང་ལེགས་བསྐྲུན་ཐོག་གླིང་གེ་སར་རྒྱལ་པོའི་སྒྲུང་དཔེ20ལྷག་དཔེ་ཆར་བལྟས་ནས་སྒྲར་ཕབ་ཅིང་། ཕབ་ཡུན་ཆུ་ཚོད2000ལྷག་བརྒལ་ཡོད་ལ། སྒྲ་ཐག600ལྷག་ཡོད། དང་ཐོག་ཁོང་གི་སྒྲུང་ཕབ་ལེན་བྱེད་སྐབས་ཆུ་ཚོད་གཅིག་གི་ཡོང་སྒོ་སྒོར18དང་ཁོང་གི་ཆུང་མས་ཀྱང་ཁོང་ལ་རམ་འདེགས་སྒོས་རླུང་འཕྲིན་ལས་ཁུངས་ཀྱི་མཐའ་འཁོར་གྱི་ཁོར་ཡུག་སོགས་ལ་གཙང་སྦྲ་བྱས་ནས་འཚོ་བའི་ཕྱོགས་ལ་ཁ་སྣོན་བཙལ་བ་དང་། ཟླ་གཅིག་གི་གླ་ཕོག་སྒོར70ཡིན་པར་བཤད། འཚོ་བ་ལ་དཀའ་ཁག་ཅུང་ཡོད་ནའང་རང་དབང་ཡོད་པ་དང་རེ་འདོད་དང་མཐུན་པས་ཡུན་རིང་དུ་དེ་ནས་གེ་སར་སྒྲུང་འཆད་གྱེར་བྱས། ཁོང་གིས་བཤད་པའི་གླིང་སྒྲུང་གི་སྒྲ་ཐག་དང་འོད་སྡེར་གང་སར་ཁྱབ་ཡོད་པ་དང་། མཐའ་ན་རྒྱ་གར་དང་། འཇར་པན། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ཁག་ཏུའང་ཁྱབ་ཡོད། འདི་ལ2005ལོའི་ཟླ7པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ། ཀྲུང་གོའི་རིག་གནས་ཞིབ་འཇུག་ཆེད་མཁས་པ་ཡེའུ་ཧྲོའུ་ཞན(叶舒宪)བླ་བྲང་དུ་ཕེབས་ནས་སྒྲུང་པ་སྐལ་བཟང་གྲགས་པར་བཅར་འདྲི་གནང་བ་དང་གདེང་འཇོག་ཚད་མཐོན་པོ་བྱས་ཡོད་དེ། ཁོང་གི་ཆེད་རྩོམ《རྩོམ་རིག་མིའི་རིག་པའི་བསླབ་གཞི》ཞེས་པའི་ནང་སྒྲུང་པ་སྐལ་བཟང་གྲགས་པའི་གེ་སར་སྒྲུང་ཆུ་ཚོད2800ལྷག་ལ་འཆད་གྱེར་བྱེད་པའི་ཡིད་འཛིན་གྱི་ནུས་པ་དང་། རྒྱལ་ཁབ་ཀྱི་ཚད་ལྡན་སྨན་ཁང་གིས་ཀྱང་སྨན་བཅོས་བྱེད་མ་ཐུབ་པར་སྒྲུང་པ་ཁོང་གིས་རང་གི་ཁྱད་པར་ཅན་གྱི་ནུས་མཐུ་ལ་བསྟེན་ནས་ནད་པ་སྨན་བཅོས་བྱེད་པ་དག་ལ་བསྔགས་བརྗོད་ཚད་མེད་བྱས་ཡོད་ལ། ལྷག་པར་ཁོང་ཉིད་ཀྱི་རྩོམ་རིག་གི་བསམ་པའི་འཆར་སྒོ་དང་དོན་བརྗོད་ནུས་པ། སྨན་བཅོས་ནུས་པ་དག་ལ་གདེང་འཇོག་ཚད་མཐོན་པོ་གནང་ཡོད། བོད་ཀྱི་གེ་སར་ཞིབ་འཇུག་ཆེད་མཁས་པ་རྒན་སྨན་ཤུལ་རིན་ཆེན་རྡོ་རྗེ་ལགས་ཀྱིས་སྒྲུང་པ་སྐལ་བཟང་གྲགས་པས1991ལོར་བླ་བྲང་གི་དཔོན་ཚང་སྡེ་བ་དང་གླས་དྲུག་སྡེ་བའི་གཞུང་ཁང་གསར་བའི་ཁང་སྟོན་གྱི་སྟོན་བཤད་དངོས་སུ་བསྡུ་སྒྲིག་བྱས་ནས《མཚོ་སྔོན་མང་ཚོགས་སྒྱུ་རྩལ》གྱི1994ལོའི་དེབ་དང་པོ་དང1995ལོའི་དེབ་གསུམ་པའི་སྟེང་བཀོད་པར་མ་ཟད། “སྐུ་ཞབས་སྐལ་བཟང་གྲགས་པ་ནི་མདོ་སྨད་ན་མིང་དུ་གྲགས་པའི་སྒྲུང་པ་ཞིག་ཡིན་ལ། ཁོས་སྒྲུང་བཤད་པའི་མི་ཚད། གཏམ་བཤད་པ་དང་། རྣམ་ཐར་འཁྲབ་པ་སོགས་ལའང་བསམ་བློ་དང་སྒྱུ་རྩལ་ཕུན་སུམ་ཚོགས་ཤིང་། བོད་རིགས་ཀྱི་འདུ་ཤེས་ངང་གིས་མཚོན་ཐུབ་པ་ཞིག་ཡིན་ནོ། །”ཞེས་གསུངས་པ་དང་། ད་དུང་ཁོང་གི་ཆེད་རྩོམ《གེ་སར་སྒྲུང་གི་ས་མིང་ཞིབ་འཇུག》ཞེས་པའི་ནང་སྒྲུང་མཁན་སྐལ་བཟང་གྲགས་པས་གེ་སར་སྒྲུང་གི་རྒྱུན་འཛིན་དང་དར་སྤེལ་ཐད་བཞག་པའི་བྱས་རྗེས་ལ་རྗེས་སུ་ཡི་རང་དང་ཁོང་གི་ཁ་གསལ་ཞིང་འབྲུ་དག་པ། (འཕྲོ་མ་པར་ངོས19པར་གཟིགས།)(པར་ངོས18པར་མཐུད་པ།)མཉན་ན་བདེ་ཞིང་ཉམས་ཐོན་པའི་ཁྱད་ཆོས་ལ་བསྟོད་བསྔགས་དང་གདེང་འཇོག་ཚད་མཐོན་པོ་གནང་ཡོད།གཞན་རྒན་གཅོད་པ་དོན་གྲུབ་སོགས་མཁས་པ་དག་གིས་ཀྱང་བསྔགས་བརྗོད་དང་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད་ལ། ལྷག་པར་བོད་མདོ་དབུས་ཁམས་གསུམ་གྱི་བོད་མི་རྒན་གཞོན་ཚང་མའི་ཁ་ན“སྒྲུང་པ་སྐལ་བཟང་གྲགས་པ་ཡིན”ཞེས་པའི་ཚིག་རྐང་གཅིག་གླིང་སྒྲུང་གི་དབྱངས་རྟ་བརྒྱུས་ནས་ལེན་བཞིན་པ་དང་། “དམངས་ཁྲོད་ཀྱི་ཆེས་མིང་དུ་གྲགས་པའི་སྒྱུ་རྩལ་པ་སྐལ་བཟང་གྲགས་པ་དང་སྨན་བླ་སྐྱབས”ཞེས་བསྟོད་པའི་མཐེ་བོང་ཚད་མེད་དུ་བསྒྲེངས་མྱོང་བ་འདི། ཁོང་གི་ལོ་རྒྱུས་ཀྱི་བཤུལ་ལམ་ཁྲོད་ཀྱི་རྡོ་རིང་ཞིག་གམ་ཡང་ན་བོད་མིའི་སེམས་ཁོང་གི་དཔའ་བོའི་སྙིང་སྟོབས་བསྐྲུན་པའི་དན་རྟགས་ཤིག་ཏུ་གྱུར་འདུག སྒྲུང་པ་ཁོང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་ནི་ཧ་ཅང་ཀྱག་ཀྱོག་ཆེ་ཞིང་དོན་སྙིང་ལྡན་པ་ཞིག་ཡིན་ལ། ཁོང་གི་མི་ཚེ་ཧྲིལ་བོ་ནི་སྒྱུ་རྩལ་གྱི་ལམ་བུར་བསྙེགས་པ་སྟེ། ཁོང་གིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་འཆད་གྱེར་བྱེད་པ་དང་གེ་སར་རྣམ་ཐར་ཟློས་གར་འཁྲབ་ལེན་བྱེད་པ་ཕུད། བོད་ཆོས་སྲིད་ཐད་ལ་མཛད་རྗེས་བླ་མེད་བཞག་པའི་རྒྱལ་པོ་རིམ་བྱོན་དག་གི་རྣམ་ཐར་ཟློས་གར་འཁྲབ་ལེན་བྱེད་པ་སྟེ། 《སྲོང་བཙན་སྒམ་པོ》དང《ཁྲི་སྲོང་ལྡེའུ་བཙན》《རྒྱལ་པོ་རཱ་མ་ཎིའི་རྟོགས་བརྗོད》《དྲི་མེད་ཀུན་ལྡན》སོགས་འཁྲབ་སྟོན་ཁྲོད་ཁོང་གིས་འཁྲབ་འཁྲིད་པ་དང་། གཙོ་འཁྲབ་པ་བཅས་བྱས་ནས་བོད་མདོ་དབུས་ཁམས་གསུམ་གྱི་དད་ལྡན་མང་ཚོགས་ཀྱི་མིག་གི་དགའ་སྟོན་དུ་བཤམས་པ་དང་མུ་མཐུད་དུ་ཁྱབ་སྤེལ་དང་རྒྱུན་འཛིན་བྱས། ད་དུང་ཁོང་གིས་ལོ་རབས་དགུ་བཅུ་པ་ནས་བཟུང་ཀན་ལྷོ་ཁུལ་དོན་འགྲུབ་བོད་རིག་གནས་ཀུང་ཟིས་ཆེད་དུ་གདན་འདྲེན་ཞུས་པ་བརྒྱུད་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་དང་། 《འཛམ་གླིང་སྤྱི་བསང》 《མདོ་འཛངས་བླུན》སོགས་སྒྲ་ཕབ་ནས་སྒྲ་ཐག་བཟོས། ལྷག་པར་ཕ་རོལ་དུ་ཕྱིན་པ་དྲུག་ལ་སྦྱར་བའི་རྣམ་པར་ཐར་པ《བྱ་མགྲིན་སྔོན་ཟླ་བའི་རྟོགས་པ་བརྗོད་པ་འཁོར་བ་མཐའ་དག་ལ་སྙིང་བོ་མེད་པ》སོགས་རྒྱང་སྒྲོག་ནས་བཏང་བས་རྒྱ་ཆེའི་ཉན་མཁན་མང་པོའི་ཡིད་ཀྱི་དང་བ་དྲངས་ཤིང་སེམས་ཀྱི་ལོངས་སྤྱོད་དུ་གྱུར། དེ་ལས་གཞན་སི་ཁྲོན་དང་མཚོ་སྔོན་སོགས་ཀྱི་དགོན་སྡེ་མང་པོས་ཆེད་དུ་ཁོང་ཉིད་གདན་འདྲེན་ཞུས་ཏེ་བོད་ཀྱི་གནས་རི་འགངས་ཆེན་གྱི་གནས་བཤད་དང་བླ་མའི་འཁྲུངས་རབས། གྲུབ་མཐའི་ཞལ་ལུང་གསལ་འགྲེལ་སོགས་སྒྲར་ཕབ་པ་དང་། མཚོ་སྔོན་མགོ་ལོག་དང་། སི་ཁྲོན་དཀར་མཛེས་དང་གསེར་རྟ། རྔ་བ་སོགས་ས་ཁུལ་དང་སྡེ་བ་ཚོ་བའི་དུས་སྟོན་དང་མཛད་སྒོ་གལ་ཆེན་རྣམས་སུ་ཁོང་ཆེད་དུ་གདན་དྲངས་ནས་སྒྲུང་འཆད་ལེན་དང་རྟེན་འབྲེལ་སྨོན་ཚིག་ངག་ཏུ་གྱེར། གཞན་ཡང་བསང་མཆོད་དང་། རྟེན་འབྲེལ་སྨོན་ཚིག ཁང་སྟོན། གནས་བསྟོད། དགོན་སྡེའི་ལོ་རྒྱུས་དང་བླ་མའི་འཁྲུངས་རབས། ཞལ་འདོན་སོགས་སྨྲ་བརྗོད་དག་མོས་གྱེར་འདོན་བྱས་ཏེ་སྒྲར་ཕབ་པའང་མང་དུ་ཡོད། སློབ་ཆུང་ཙམ་ཡང་མཐར་ཕྱིན་མེད་པའི་དམངས་ཁྲོད་སྒྱུ་རྩལ་པ་ཞིག་གིས་བོད་ཀྱི་རྣམ་ཐར་ཟློས་གར་གྱི་ཁྱབ་སྤེལ་དང་གཞི་རྒྱ་ཆེ་ཞིང་འཛམ་གླིང་སྟེང་ཆེས་རིང་བའི་སྙན་རྩོམ་རིང་མོ་འདི་ལ་སུན་སྣང་ཅི་ཡང་མེད་པར་དད་པ་དང་གུས་པའི་སྒོ་ནས་ལྟ་མཁན་དང་ཉན་མཁན་ཁྲི་སྟོང་མང་པོའི་རྣ་བའི་བདུད་རྩིར་གྱུར་ཅིང་བསམ་བློའི་ལོངས་སྤྱོད་གྱ་ནོམ་པ་བསྩལ་པ་ལ་ང་ཚོས་ནམ་ཡང་ཡི་རངས་དང་ཧ་ལས་དགོས་པ་ཞིག་ཏུ་གྱུར་ཡོད། སྤྱི་ལོ2005ལོར་སྒྲུང་པ་ཁོང་ཉིད་ཀྱི་མི་ཚེ་ཡོངས་སུ་མཇུག་རྫོགས་སོང་། ཁོང་ཉིད་སྐུ་ཚེ་མཇུག་རྫོགས་ཁར་སྐྲག་སྣང་ཅི་ཡང་མེད་པར་མ་ཟད། རང་གི་ཆུང་མ་དང་ཁྱིམ་མི་རྣམས་ལ་རང་ཉིད་ཀྱི་འདས་མཆོད་ཀྱི་ཆོ་ག་བཀོད་སྒྲིག་བྱས་པ་སྟེ། རང་ཉིད་འདས་རྗེས་ལུས་པོ་ཁང་བའི་ཉིས་ཐོག་གི་མེ་ཏོག་གིས་ཁེངས་པའི་ཁང་བའི་དཀྱིལ་དུ་འཇོག་རྒྱུ་དང་། ཡར་དཀོན་མཆོག་ལ་མཆོད་པ་དང་མར་སྤྲང་པོར་སྦྱིན་པ་གཏོང་དགོས་ཚུལ་སོགས་ཁ་ཆེམས་བཞག་རྗེས་འཆི་བ་ལ་རང་དབང་ཐོབ་ནས་ཚེ་ལས་འདས་སོང་། སྒྲུང་པ་ཁོང་གློ་བུར་དུ་ངེད་ཅག་དང་གཏན་བྲལ་བྱུང་བ་དེས། བོད་གངས་ཅན་གྱི་རྩོམ་རིག་སྒྱུ་རྩལ་གྱི་མཁའ་དབྱིངས་སུ། བཅོ་ལྔའི་དུང་ཟླ་སར་ལྷུང་བར་གྲགས་ཤིང་། ཁོ་དང་ཁོའི་སྐད་ངག་སྙན་མོ་དང་ལྷན་དུ་བགྲང་བྱ་གང་མང་ལ་གསན་བཞིན་ཡོང་བའི་བོད་པ་ཚོའི་མཆི་མ་རང་དབང་མེད་པར་ཆར་ཆུ་བཞུར་བ་བཞིན་མཚམས་མེད་པར་ཐོན་བྱུང་ལ། གེ་སར་སྒྲུང་གི་བྱ་བའི་ཁྲོད་ཀྱི་གྱོང་གུད་གསབ་ཐབས་མེད་པ་ཞིག་ཡིན་པར་མ་ཟད། རང་རྒྱལ་གྱི་མི་རིགས་དང་དམངས་ཁྲོད་རིག་གནས་བྱ་བའི་གྱོང་གུད་ཆེན་པོ་ཞིག་ཀྱང་ཡིན། སྒྲུང་པ་ཁོང་འཚོ་བཞུགས་སྐབས་སུ་ཁྲོ་ཐུང་ལྟ་བུའི་བསམ་སྦྱོར་ངན་པའི་མི་ལ་ལས་ཁོང་ལ་ཉེས་དམིགས་སྣ་ཚོགས་བཀལ་ཡང་། གླིང་རྗེ་གེ་སར་ལྟ་བུའི་སྐྱབས་མགོན་བླ་མས་ཁོང་ཉིད་དག་པའི་ཞིང་དུ་གདན་འདྲེན་ཞུས་པ་བཞིན་འཆི་བ་ལ་རང་དབང་ཕྱིན་པ་དེ་ཁོ་རང་གིས་ནམ་ཡང་དྲང་བདེན་དང་བདེན་ལུགས་ལ་བསྙེགས་པའི་སེམས་འདུན་ལ་བློ་སྤོབས་དང་སྙིང་སྟོབས་བསྩལ་སོང་། སྒྲུང་པ་སྐལ་བཟང་གྲགས་པ་ལགས་ཀྱི་མི་ཚེ་ཧྲིལ་བོ་གེ་སར་སྒྲུང་གི་འཆད་ལེན་ལ་ཕུལ་ཅིང་། ཀྱག་ཀྱོག་གི་ལོ་ཟླ་རིང་མོའི་ནང་དུ་ཁོང་གིས་རིག་གནས་སྔོག་འདོན་དང་སྒྱུ་རྩལ་འཚོལ་སྙེག་གི་གོམ་མཚམས་ནམ་ཡང་བཞག་མ་མྱོང་ལ། ཁོང་གི་སྨྲ་བརྗོད་དག་ཅིང་འགྱུར་ཁུགས་སྟོང་གིས་ཕྱུག་པའི་གླུ་ངག་གི་དབྱངས་རྟ་རེ་རེ་མཐོན་པོའི་རྫ་རི་དང་ཡངས་པའི་སྤང་གཤོང་། དམའ་མོའི་ནགས་ཀླུང་སོགས་བརྒྱུད་དེ་ཀུན་གྱི་ཐོས་འཛིན་ལམ་དུ་རྒྱུ་ཞིང་བསམ་བློའི་འཚོ་བ་འཛོམས་པོ་མིན་པའི་རི་གྲོང་ཀུན་ལ་བསམ་བློའི་ལོངས་སྤྱོད་ཟད་དུ་མེད་པ་བསྐྲུན་ཡོད། ཁོང་གི་རིན་ཐང་གཞལ་དུ་མེད་པའི་དམངས་ཁྲོད་རིག་གནས་ཀྱི་ཉིང་བཅུད་རྣམས་རང་ཉིད་ཀྱི་མི་ཚེའི་འདིའི་ལམ་སྟོན་དགེ་རྒན་དུ་བསྟེན་ཅིང་། དམངས་ཁྲོད་སྒྱུ་རྩལ་པ་ཞིག་གི་སེམས་ཀྱི་ཤིན་སྦྱངས་དང་བསམ་བློའི་གོ་རྟོགས་རྙེད་ནས་འཚོ་བའི་བདེན་པ་སྲོག་བཞིན་བཀུར་བ་དང་། ནམ་ཡང་འཚོལ་སྙེག་དང་གསར་གཏོད་ཀྱི་གོ་རིམ་ཁྲོད་ནས་སྒྱུ་རྩལ་གྱི་བདེན་པ་འཚོལ་བའི་བླ་མེད་སྙིང་སྟོབས་དེ་ལ་ང་ཚོས་ནམ་ཡང་གོང་བཀུར་བྱ་འོས། ད་ལྟ་ཁོང་གི་ཚེ་ཡི་འཕེན་པ་རྫོགས་ནས་མི་ལོ་བཅུ་ཕྲག་འདས་ནའང་། ཁོང་གིས་ང་ཚོར་བཞག་པའི་རིག་གནས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་སྒྲུང་གླུ་རེ་རེས། ལོ་རྒྱུས་ཀྱི་ཆུ་ཀླུང་ཁྲོད་ནས་ནམ་ཡང་ཤེས་མེད་ཚོར་མེད་ངང་བོར་བརླག་ཐེབས་བཞིན་པའི་དམངས་ཁྲོད་རིག་གནས་ཀྱི་ཤུལ་བཞག་དག་ལ་དོ་སྣང་མཛད་དགོས་པའི་ཉེན་བརྡ་གཏོང་བ་དང་མཚུངས་ཤིང་། ང་ཚོས་ཁོང་གིས་དཀའ་བ་ཁྱད་དུ་བསད་ཅིང་ངལ་བ་ཕྲག་ཏུ་བླངས་ནས་རིན་ཐང་གཞལ་དུ་བྲལ་བའི་དམངས་ཁྲོད་རིག་གནས་ཀྱི་ཉིང་བཅུད་རྣམས་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་མི་ཚེའི་ཧྲིལ་བོའི་དུས་ཚོད་བཀོལ་བ་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་ཞུ་ཆོག་ཆོག་ཡིན་ལ། ཁོང་དང་ཁོང་ལྟ་བུའི་དམངས་ཁྲོད་སྒྱུ་རྩལ་ལ་བློ་དཀར་བའི་མི་བུ་རླབས་ཆེན་དག་ང་ཚོས་ཅི་ནས་ཀྱང་བརྗེད་པར་མི་འོས་ཤིང་དམངས་ཁྲོད་རིག་གནས་ཀྱི་ཤུལ་བཞག་ངོ་མཚར་བ་འདི་དག་རྣ་བས་ཐོས་ཤིང་སེམས་ཀྱི་མྱོང་ཐུབ་པ་བྱུང་ཚེ་རང་དབང་མེད་པར་ཁོང་ཚོའི་བཀའ་དྲིན་དྲན་འོངས། །