༄༅། །དཔྱིད་ཀའི་དྲོ་གྲང་མི་སྙོམས་པའི་སྐབས་ཀྱི་བདེ་ཐང་ཕྱོགས་སྟོན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-20


        དཔྱིད་མགོའི་གནམ་གཤིས་ལ་འགྱུར་ལྡོག་ཧ་ཅང་ཆེ་བས།ལུས་སྟོབས་ཞན་པའི་མི་རྣམས་ལ་མཚོན་ན་ཉམས་སད་ཐེངས་ཤིག་ཡིན་ལ།གློ་བུར་ལྡང་བའི་གྲང་ངར་གྱིས་དབུགས་ལམ་དང་ཀླད་སྙིང་ཁྲག་རྩ་སོགས་ཀྱི་ནད་རིགས་སློང་སྲིད་ལ། ཇེ་སྡུག་ཏུའང་འགྲོ་སྲིད་པས།དུས་ཚིགས་རང་བཞིན་གྱི་ནད་རིགས་སྔོན་འགོག་ཅི་ཐུབ་བྱེད་དགོས།

དགུན་ལྭ་མྱུར་མོར་ཕུད་མི་རུང་།

        དཔྱིད་མགོ་ཚེས་རྗེས་གནམ་གཤིས་ཇེ་དྲོར་འགྲོ་བ་ལའང་གོ་རིམ་ཞིག་ཡོད་པས། དགུན་ལྭ་ཕུད་པར་བྲེལ་བ་ལངས་མི་རུང་། ལྷག་པར་དུ་བྱིས་པ་དང་རྒན་པ། བུད་མེད་བཅས་དང་གཞན་ད་རུང་དལ་གཤིས་ནད་རིགས་ཡོད་པའི་ནད་པ་རྣམས་ཀྱིས་དྲོད་ཚད་ཏུའུ15ཡན་དུ་བརྟན་འཇགས་མ་ཡོང་བའི་སྔོན་ལ་གྱོན་པ་ཇེ་སྲབ་ཏུ་བཏང་ན་དྲོས་འཁྱག་ཏུ་འགྲོ་སླ་བ་དང་། བུད་མེད་ན་གཞོན་ཁ་ཤས་ཤིག་གནམ་གཤིས་ཇེ་དྲོར་ཡོང་མ་ཐག་སྨད་གཡོག་གོན་རྒྱུར་ཧ་ཅང་དགའ་བས། དེ་ལྟར་བྱས་ན་ཚིགས་མོ་ན་བ་དང་ཟླ་མཚན་འབབ་སྐབས་ན་ཟུག་འབྱུང་བ་སོགས་ཀྱི་ནད་རྟགས་མངོན་སྲིད།

        དཔྱིད་ཀར་སྔར་བཞིན་ལྭ་བ་དྲོན་པོ་གྱོན་པ་དང་། དེ་ནས་རིམ་གྱིས་རེ་རེ་བཞིན་ཇེ་སྲབ་ཏུ་གཏོང་དགོས། མིའི་ཁོག་སྨད་ཀྱི་ཁྲག་གི་འཁོར་རྒྱུག་དེ་ཁོག་སྟོད་ལས་ཞན་པས།གྲང་ངར་གྱི་གནོད་འཚེ་ཐེབས་སླ་བ་རེད།དེ་བས་ལྭ་བ་ཇེ་སྲབ་ཏུ་གཏོང་སྐབས་སྔོན་ལ་ཁོག་སྟོད་ཇེ་སྲབ་ཏུ་བཏང་རྗེས་རིམ་པ་བཞིན་ཁོག་སྨད་ཇེ་སྲབ་ཏུ་གཏོང་བ་དང་།རྐང་མགོར་ཡང་ལྷམ་དྲོན་པོ་གོན་ཏེ།རྐང་ལག་སོགས་ཕྱི་རུ་ཕུད་མི་རུང་།

        ནད་པ་ཁ་ཤས་ཤིག་གིས་གྲང་ངར་ལ་ལྷག་ཏུ་འཛེམ་དགོས་ལ།དྲོན་པོ་བྱེད་དགོས་པའི་གནས་ལའང་མི་འདྲ་བ་སྣ་ཚོགས་ཡོད།དཔེར་ན་སྒལ་ཚིགས་གཉན་ཚད་ཅན་གྱིས་མཇིང་བ་དང་རྐེད་པ། སྒལ་ཚིགས་སོགས་དྲོན་པོ་བྱེད་དགོས་པ་དང་།གྲུམ་བུའི་ནད་པར་སྤྱིར་བཏང་གིས་རྐང་ལག་གི་ཚིགས་མོར་ན་ཟུག་འབྱུང་བའི་དབང་གིས་གཙོ་བོ་རྐང་ལག་དྲོན་པོ་བྱེད་དགོས།

ཕྱི་རོལ་ཏུ་ལུས་སྦྱོང་བྱེད་སྐབས་ཀྱི“མི་རུང་བ་ལྔ”།

        དཔྱིད་མགོ་ཚེས་རྗེས་གནམ་གཤིས་རིམ་གྱིས་ཇེ་དྲོར་སོང་བས།རྒན་པ་ཁ་ཤས་ཤིག་ཕྱི་རོལ་ཏུ་སོང་ནས་ལུས་སྦྱོང་བྱེད་རྒྱུར་དགའ་མོད། འོན་ཀྱང་གནམ་གཤིས་དྲོ་གྲང་མི་སྙོམས་པས། རྒན་པ་རྣམས་ཀྱིས་གཤམ་གྱི་གནས་ཚུལ་འདི་དག་ལ་མཉམ་འཇོག་དགོས།

        སྔ་མི་རུང་། རྒན་པ་མང་པོ་ཞིག་ལ་ཞོགས་པར་ལུས་སྦྱོང་བྱེད་པའི་གོམས་གཤིས་ཆགས་ཡོད།ཡིན་ནའང་དཔྱིད་ཀའི་ཞོགས་པར་གྲང་ངར་ཆེ་བའི་དབང་གིས་སྙིང་གི་ཁྲག་རྩའི་ནད་རིགས་སློང་སྲིད་པ་དང་། ཁྲག་ཤེད་མཐོ་བ་དང་སྙིང་ནད།གློ་ཡུའི་ཡན་ལག་གི་གཉན་ཚད། གཅིན་སྙི་ཟ་ཁུ་སོགས་ཀྱི་ནད་རིགས་ཡོད་པའི་རྒན་པ་རྣམས་ཀྱིས་ཞོགས་སྦྱོང་བྱས་ན་ཉེན་ཁ་ཆེ།

        ལུས་སྦྱོང་བྱེད་ཐེངས་རེར་སྐར་མ40ལས་བརྒལ་མི་རུང་། རྒན་པ་རྣམས་མགྱོགས་བགྲོད་དང་ཆུར་རྐྱལ་བ་སོགས་ཀྱི་འགུལ་སྐྱོད་བྱེད་ཚད་ཧ་ཅང་མཐོ་བའི་ལུས་སྦྱོང་དུ་མི་ཞུགས་པར། འཆམ་འཆམ་དང་དལ་རྒྱུག ཐའེ་ཅི་ཆོན་དང་སྐོར་བྲོ་སོགས་ཀྱི་འགུལ་སྐྱོད་ཚད་ཉུང་བའི་བྱ་འགུལ་དུ་ཞུགས་དགོས།

        གནམ་གཤིས་མི་ལེགས་པའི་སྐབས་སུ་ལུས་སྦྱོང་བྱེད་མི་རུང་། ཆར་བ་འབབ་པ་དང་སྨུག་པ་འཐིབས་པའི་སྐབས་སུ་ལུས་སྦྱོང་མི་བྱེད་པ་དང་།སྨུག་པ་འཐིབས་པའི་སྐབས་སུ་མཐོང་ལམ་མི་གསལ་བས་དོན་རྐྱེན་འབྱུང་སླ་ལ།སྨུག་པའི་ཁྲོད་དུ་ད་རུང་སྦགས་བཙོག་དངོས་པོ་དང་ནད་སྲིན་ཡང་མང་པོ་ཡོད། རླུང་གཡུག་པའི་སྐབས་སུ་དྲོད་ཚད་དམའ་བ་དང་ལུས་ཚོར་དྲོད་ཚད་ཡང་དམའ་བས།དལ་གཤིས་ནད་རིགས་ཡོད་པའི་ནད་པས་ལུས་སྦྱོང་བྱེད་སྐབས་མཉམ་འཇོག་དགོས།

        ཕྱི་རོལ་ཏུ་ལུས་སྦྱོང་བྱེད་སྐབས་ལྭ་བ་ཇེ་སྲབ་ཏུ་གཏོང་མི་རུང་། ཕྱི་རོལ་ཏུ་ལུས་སྦྱོང་བྱེད་སྐབས་རླུང་མེད་པའི་ཉི་མ་དྲོ་ས་དང་།མཐོང་ལམ་ཡངས་པའི་དབེན་གནས་བཙལ་བ་ལས། རླུང་ཁ་རུ་ལུས་སྦྱོང་མི་བྱེད་པ་དང་། ལུས་སྦྱོང་བྱས་ཏེ་རྔུལ་ཆུ་ཐོན་ནའང་མྱུར་མོར་ལྭ་བ་ཕུད་མི་རུང་།

        ལུས་སྦྱོང་བྱས་རྗེས་མྱུར་མོར་ཟ་མ་ཟ་བ་དང་ཁྲུས་བྱེད་མི་རུང་། ལུས་སྦྱོང་བྱས་རྗེས་མྱུར་དུ་ཟ་མ་ཟོས་ན་ཕོ་རྒྱུ་ལ་གནོད་པ་དང་།ཕོ་རྒྱུའི་རྩ་འཁུམ་དང་ཟས་མི་འཇུ་བ་སོགས་ཀྱི་ནད་རྟགས་མངོན་སླ་བས། ཆེས་ཉུང་ནའང་སྐར་མ20ཡི་རྗེས་སུ་ད་གཟོད་ཟས་ལ་རོལ་དགོས།

དུས་ཚིགས་རང་བཞིན་གྱི་ནད་རིགས་འདི4པོར་མཉམ་འཇོག་དགོས།

        དྲོ་གྲང་མི་སྙོམས་པའི་སྐབས་སུ།ལོ་ན་རྒན་པ་དང་དལ་གཤིས་ནད་རིགས་ཡོད་པ།ལུས་སྟོབས་ཞན་པ།ལྭ་བ་གྱོན་སྟངས་མི་འགྲིག་པ། དུས་ཚིགས་རང་བཞིན་གྱི་རྒྱུ་རྐྱེན་སོགས་ཀྱི་དབང་གིས་གཤམ་གྱི་ནད་རིགས་འདི་དག་འབྱུང་སླ་བས།ཚང་མས་མཉམ་འཇོག་བྱེད་དགོས།

        ཧར་འཚང་། གྲང་ངར་ཆེ་བའི་གནམ་གཤིས་ཀྱིས་དབུགས་ལམ་གྱི་ནད་འགོག་ནུས་པ་ཇེ་དམའ་རུ་གཏོང་བ་དང་།དབུགས་ལམ་གྱི་འགྱུར་འབྱུང་རང་བཞིན་ཇེ་དྲག་ཏུ་འགྲོ་བས།གློ་ལུ་བ་དང་དབུགས་འཚང་བ།ཧར་འཚང་རྒྱག་པ།དབུགས་ལེན་དཀའ་བ་སོགས་ཀྱི་ནད་རྟགས་མངོན་སྲིད། དཔྱིད་མགོར་ལུས་སྟོབས་ཞན་པའི་རྒན་པ་དང་བྱིས་པ་རྣམས་ཉིན་གུང་གི་སྐབས་སུ་ད་གཟོད་ཕྱི་རོལ་ཏུ་སོང་ནས་འགུལ་སྐྱོད་བྱས་ན་ལེགས་ཤིང་། ཕྱི་རོལ་ཏུ་འགྲོ་ཁར་ངེས་པར་དུ་ཁ་ཐུམ་རྒྱག་པ་དང་ལྭ་བ་        དྲོན་པོ་གྱོན་དགོས་ལ། མགོ་བོ་དང་བྲང་རྒྱབ། རྐང་པ་སོགས་ལྷག་ཏུ་དྲོན་པོ་བྱེད་དགོས།དེ་ལས་གཞན་དཔྱིད་ཀར་ད་རུང་ཚོར་ཐལ་རང་བཞིན་གྱི་ནད་རིགས་འབྱུང་ཚད་ཆེས་མཐོ་བས། དལ་གཤིས་གློ་ཡུའི་གཉན་ཚད་དང་ཧར་འཚང་།པགས་ནད་སོགས་ཡོད་པའི་ནད་པས་འགོག་སྲུང་ལེགས་པོ་བྱས་ཏེ།ནད་རྙིང་མི་འཕར་བ་དང་ཡང་ན་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས།

        སྙིང་ནད། དཔྱིད་ཀར་ནངས་དགོང་གི་དྲོ་གྲང་ལ་འགྱུར་ལྡོག་ཧ་ཅང་ཆེ་བས།དུས་ཚིགས་འདིར་ཏོག་དབྱིབས་སྙིང་ནད་དང་སྙིང་རྩ་འགག་པ་སོགས་ནད་རིགས་ཀྱི་འབྱུང་ཚད་ཧ་ཅང་མཐོ།ཏོག་དབྱིབས་སྙིང་ནད་ཀྱི་ནད་པ་མང་ཤོས་ལ་གནམ་གཤིས་འགྱུར་ལྡོག་ཐད་ཚོར་བ་ཧ་ཅང་རྐྱེན་པོ་ཡོད་པས།གློ་བུར་དུ་བྱུང་བའི་གྲང་ངར་གྱིས་ཏོག་དབྱིབས་འཕར་རྩ་འཁུམ་པ་དང་།སྙིང་ཁྲག་གི་རྒྱུ་བ་གློ་བུར་ཆད་པ་སོགས་འབྱུང་བས། སྙིང་གཟེར་འཕར་བ་དང་སྙིང་རྩ་འགགས་སླ་བ་རེད།

        ཀླད་རྩ་འགག་པ། ནངས་དགོང་གི་དྲོ་གྲང་མི་སྙོམས་པའི་སྐབས་སུ།ལུས་སྟེང་གི་ཁྲག་རྩའི་འཁོར་རྒྱུག་ལ་ཚོད་འཛིན་བྱེད་པའི་དབང་རྩར་ཕོག་ཐུག་ཐེབས་ཏེ།འཕར་རྩ་ཆུང་བའི་ཁྲག་རྩ་ཡང་ཡང་འཁུམ་པ་དང་ཁྲག་ཤེད་གློ་བུར་ཇེ་མཐོར་འགྲོ་བ་རེད།དགུན་དཔྱིད་དུས་ཚིགས་སུ་གློ་བུར་ཤི་བའི་གནས་ཚུལ་ཧ་ཅང་མང་།ལྷག་པར་དུ་རྒན་པ་ཁ་ཤས་ཤིག་ནམ་གུང་ཡར་ལངས་པ་དང་ཡང་ན་ཞོགས་པར་མལ་ལས་ལངས་པའི་སྐབས་སུ་གློ་བུར་ཤི་བའི་གནས་ཚུལ་འབྱུང་སླ། འདི་ནས་དྲན་སྐུལ་བྱེད་        དགོས་པ་ཞིག་ནི། གལ་ཏེ་ལུས་པོའི་གཞོགས་གཅིག་སྦྲིད་པའམ་ཡང་ན་ཤུགས་མེད་པ་དང་།ངོ་གདོང་གི་གཞོགས་གཅིག་སྦྲིད་པའམ་ཡང་ན་ཁ་ངོ་འཁྱོག་པ་དང་སྐད་ཆ་ལྡབ་ལྡིབ་སྨྲ་བ།མགོ་ཡོམ་འཁོར་བ་དང་མཉམ་དུ་སྐྱུགས་མེར་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་སྐབས། དོགས་ཟོན་ཆེན་པོ་བྱེད་དགོས་པར་མ་ཟད་མྱུར་དུ་སྨན་ཁང་ལ་སོང་ནས་གསོ་བཅོས་བྱེད་དགོས།

        ཕོ་རྒྱུའི་ནད་རིགས། གནམ་གཤིས་ཀྱི་དྲོད་གྲང་མི་སྙོམས་པའི་སྐབས་ནི་ཕོ་རྒྱུའི་ནད་རིགས་ཀྱི་འབྱུང་ཚད་ཆེས་མཐོ་བའི་དུས་ཡིན།རྒྱུ་མཚན་ནི་གྲང་ངར་གྱིས་ཁྲག་རྩ་ཕྲ་མོ་འཁུམ་པར་བྱེད་པ་དང་།ཕོ་སྐྱུར་ཟགས་ཐོན་དང་ཕོ་བའི་ཁྲག་གི་འཁོར་རྒྱུག་ལ་གནོད་པ་ཐེབས་ཏེ།ཕོ་བའི་རྩ་འཁུམ་དང་ཕོ་བའི་རལ་ཟགས།ཕོ་རྒྱུའི་གཉན་ཚད་སོགས་ཀྱི་ནད་སློང་བ་རེད།ལོ་རེའི་དཔྱིད་མགོ་ཚེས་མ་ཐག་ཏུ་སྨན་ཁང་སོ་སོ་རུ་གྲང་འཁྱག་གི་དབང་གིས་བསླངས་པའི་ཕོ་ནད་ནད་པ་མང་པོ་མཐོང་ཐུབ།དེ་བས་ཕོ་ནད་ཡོད་པའི་ནད་པ་རྣམས་ཀྱིས་དཔྱིད་མགོར་ལུས་པོ་དྲོན་པོ་བྱེད་དགོས་པ་དང་ཆུ་ཁོལ་མང་དུ་འཐུང་དགོས་ལ། འཁྱགས་ཟས་དང་ཕོག་ཐུག་ཅན་གྱི་ཟས་རིགས་ཉུང་བསྟེན་བྱེད་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1