༄༅། །ལས་རྨས་ངོས་འཛིན་གྱི་དུས་བཅད་བརྒལ་རྗེས་གྱོང་གསབ་དངུལ་ལེན་ཐུབ་བམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-20


        ངལ་རྩོལ་པར་དོན་རྐྱེན་ཁྲོད་གནོད་འཚེ་ཐེབས་པའམ་ཡང་ན་ལས་རིགས་ནད་ཕོག་པར་ངོས་བཟུང་རྗེས། དུས་ཐོག་ཏུ་ལས་རྨས་སུ་ངོས་འཛིན་པའི་རེ་ཞུ་བྱེད་དགོས་ལ། ལས་རྨས་སམ་ཡང་ན་ལས་རྨས་དང་འདྲ་བར་ངོས་བཟུང་ན། ད་གཟོད་ལས་རྨས་ཐོབ་ཆ་ལོངས་སུ་སྤྱད་ཆོག ལས་རྨས་དོན་རྐྱེན་བྱུང་རྗེས། མི་བཀོལ་ལས་ཁུངས་དང་ངལ་རྩོལ་པ་གཉིས་ཀྱི་སུ་ཞིག་གིས་ཀྱང་གཏན་འཁེལ་བྱས་པའི་དུས་ཡུན་ནང་ལས་རྨས་སུ་ངོས་འཛིན་པའི་རེ་ཞུ་མ་བྱས་ན། ངལ་རྩོལ་པས་རང་ཉིད་ཀྱི་ཁེ་དབང་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ། རྨས་མས“ཉེན་འགན་རང་འཁུར”བྱེད་དགོས་པ་ཨེ་རེད་ཅེ་ན། ཉེ་ཆར། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་མི་དམངས་ཁྲིམས་ཁང་གིས་མི་ལུས་ལ་གནོད་འཚེ་ཐེབས་པར་གྱོང་གུན་ཁ་གསབ་བྱེད་པའི་གྱོད་དོན་ཞིག་ཐག་བཅད།

གྱོད་དོན་གྱི་གནས་ཚུལ།

        2021ལོར། གཡང་འབུམ་མཚོ་སྔོན་གྱི་རྩོལ་པོ་ཀུང་སི་ཞིག་ཏུ་ལས་ཀར་ཞུགས། ལོ་དེའི་ཟླ7པར། གཡང་འབུམ་གྱིས་འཛུགས་སྐྲུན་ལས་ཡུལ་ཞིག་ཏུ་ལས་ཀ་ལས་སྐབས་མཐོ་ས་ནས་དངོས་པོ་ཞིག་མགོ་ཐོག་ཏུ་ལྷུང་སྟེ་རྨས་སྐྱོན་ཕོག་མོད། འོན་ཀྱང་ལས་ཀ་གཉེར་སའི་ཀུང་སི་དེ་དང་གཡང་འབུམ་གཉིས་ཀྱི་སུ་ཞིག་གིས་ཀྱང་ཁྲིམས་བཀོད་ཀྱི་དུས་བཅད་ནང་ལས་རྨས་སུ་ངོས་འཛིན་པའི་རེ་ཞུ་མ་བྱས་པས། ངལ་རྩོལ་སྡེ་ཁག་གིས་ཁྲིམས་བཀོད་ཀྱི་འགྲོ་རིམ་ལྟར་ལས་རྨས་སུ་ངོས་འཛིན་བྱེད་རྒྱུ་ཁས་མ་བླངས་པ་རེད། དེ་བས་གཡང་འབུམ་གྱིས་གྱོང་གསབ་ཀྱི་སྐོར་ནས་ངལ་ལས་ཀུང་སི་དང་གྲོས་བསྡུར་ལན་མང་བྱས་ཀྱང་གཅིག་མཐུན་གྱི་བསམ་འཆར་ཞིག་མ་བྱུང་བར་ལུས།

        རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་ཆེད། གཡང་འབུམ་གྱིས་ཁྲིམས་ཁང་ལ་གཏུགས་ཏེ། རྩོལ་པོ་ཀུང་སི་དེས་འབྲེལ་ཡོད་གྲོན་དངུལ་གྱི་གྱོང་གསབ་འཇལ་དགོས་པའི་རེ་བ་བཏོན། འདུམ་སྒྲིག་བྱེད་པའི་གོ་རིམ་ཁྲོད། ཁྲིམས་དཔོན་གྱིས་གྱོད་དོན་གྱི་རྩོད་གཞིའི་གནད་འགག་ལ་དམིགས་ནས། ཞུ་སྦྱོར་སྔ་མ་དང་ཞུ་སྦྱོར་ཕྱི་མ་གཉིས་ཀར་མི་ལུས་གནོད་ཐེབས་གྱོང་གསབ་སྐོར་གྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་གྱོད་དོན་དེའི་རིགས་ཀྱི་ཁྲིམས་བཅད་མཇུག་འབྲས་གསལ་བཤད་བྱས་པར་མ་ཟད། གྱོད་དོན་འདིའི་ཁྲོད་དོ་བདག་ཕྱོགས་གཉིས་ཀར་ནོར་འཁྲུལ་ཡོད་པས་འགན་འཁྲི་ངེས་ཅན་ཞིག་འཁུར་དགོས་པར་བཤད། མཐར་ཁྲིམས་དཔོན་གྱིས་སུན་སྣང་མེད་པར་འདུམ་སྒྲིག་བྱས་པ་བརྒྱུད། ཕྱོགས་གཉིས་ཀ་རང་འཐད་སྒོས་གྲོས་མཐུན་བྱུང་ཞིང་། རྩོལ་པོ་ཀུང་སི་དེས་གཡང་འབུམ་ལ་སྟེར་ཐེངས་གཅིག་གིས་དཔལ་འབྱོར་གྱོང་གསབ་དངུལ་སྒོར་ཁྲི10སྟེར་རྒྱུ་ཐག་བཅད།

ཁྲིམས་དཔོན་གྱི་བཤད་ཚུལ།

        གྱོད་དོན་འགན་སྒྲུབ་ཁྲིམས་དཔོན་གྱི་བཤད་ཚུལ་ལྟར་ན། ཉེ་བའི་ལོ་འདི་འགར། རྩོལ་པོ་ཁྲོམ་རའི་ཁྱབ་ཁོངས་ཁ་ཤས་ཀྱི་དོ་དམ་ཐད་ད་དུང་མི་འདང་ས་དང་འཐུས་ཚང་དུ་གཏོང་དགོས་ས་མང་པོ་འདུག་པས། ངལ་རྩོལ་པར་ལས་རྨས་ཕོག་རྗེས་གྱོང་གསབ་མ་སྤྲད་པའི་གནས་ཚུལ་རྒྱུན་དུ་མཐོང་ཐུབ། ལས་རྨས་གྱོང་གསབ་སྤྲོད་པའི་དམིགས་ཡུལ་ནི་ངལ་རྩོལ་པར་ལས་ཀ་ལས་སྐབས་རྨས་སྐྱོན་ཕོག་རྗེས་དེ་བསྟུན་གྱི་གྱོང་གསབ་དངུལ་ཐོབ་པར་འགན་སྲུང་བྱེད་ཆེད་ཡིན། གལ་ཏེ་ཕྱོགས་གཉིས་ཀས་གཏན་འཁེལ་གྱི་དུས་བཅད་ནང་ལས་རྨས་སུ་ངོས་འཛིན་དགོས་པའི་རེ་ཞུ་བྱེད་མ་ཐུབ་ཚེ། དྲང་གཞག་ལུགས་མཐུན་དང་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ངོས་ནས། ངལ་རྩོལ་པས་ཁྲིམས་འཛིན་རོགས་སྐྱོབ་ཀྱི་རེ་བ་ཞུ་ཆོག་པ་དང་། མི་བཀོལ་ལས་ཁུངས་ཀྱིས་ལས་བཟོ་པའི་ཁེ་དབང་ལ་གནོད་པ་བཟོས་པར་གྱོང་གསབ་འགན་འཁྲི་ངེས་ཅན་ཞིག་འཁུར་དགོས།

        མི་བཀོལ་ལས་ཁུངས་ཀྱིས་གཏན་འཁེལ་གྱི་དུས་བཅད་ནང་ལས་རྨས་ངོས་འཛིན་རེ་ཞུ་མ་བྱས་ན། ལས་རྨས་ཕོག་པའི་ལས་བཟོ་པའམ་ཡང་ན་དེའི་གཉེན་ཉེ་དང་། བཟོ་ཚོགས་རྩ་འཛུགས་བཅས་ཀྱིས་དོན་རྐྱེན་ཁྲོད་གནོད་འཚེ་ཐེབས་པའི་ཉིན་དང་ཡང་ན་ལས་རིགས་ནད་ཕོག་ཡོད་པར་ངོས་བཟུང་བའི་ཉིན་དེ་ནས་བརྩིས་པའི་ལོ1གི་ནང་ཚུན་དུ་རེ་ཞུ་བྱེད་དགོས། གལ་ཏེ་དམིགས་བསལ་གྱི་གནས་ཚུལ་དང་འཕྲད་ཚེ། སྤྱི་ཚོགས་འགན་སྲུང་སྲིད་འཛིན་སྡེ་ཁག་འཐད་པ་བྱུང་བ་བརྒྱུད། རེ་ཞུ་བྱེད་པའི་དུས་ཡུན་འོས་འཚམ་གྱིས་ཕྱིར་འགྱངས་བྱེད་ཆོག ལུགས་མཐུན་གྱི་རྒྱུ་རྐྱེན་གང་ཡང་མེད་པར་དུས་བཅད་ལས་བརྒལ་ཚེ། ལས་རྨས་སུ་ངོས་འཛིན་པའི་རེ་ཞུ་བྱེད་མི་ཆོག་པས། མི་བཀོལ་ལས་ཁུངས་ལ་མི་ལུས་གནོད་ཐེབས་གྱོང་གསབ་སྤྲོད་དགོས་པའི་རེ་བ་ཞུས་ཆོག

བཅའ་ཁྲིམས་ཀྱི་ཁུངས་ལུང་།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རྨས་ཉེན་སྲུང་སྲོལ་ཡིག》གི་དོན་ཚན17པའི་གཏན་འཁེལ་ལྟར་ན། ལས་བཟོ་པར་དོན་རྐྱེན་ཁྲོད་གནོད་འཚེ་ཐེབས་པའམ་ཡང་ན་ལས་རིགས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ལས་རིགས་ནད་ཕོག་ཡོད་པར་ངོས་བཟུང་ན། མི་བཀོལ་ལས་ཁུངས་ཀྱིས་དོན་རྐྱེན་ཁྲོད་གནོད་འཚེ་ཐེབས་པའི་ཉིན་དང་ཡང་ན་ལས་རིགས་ནད་ཕོག་ཡོད་པར་ངོས་བཟུང་བའི་ཉིན་དེ་ནས་བརྩིས་པའི་ཉིན30ཡི་ནང་ཚུན་དུ། ས་གནས་ཀྱི་ངལ་རྩོལ་འགན་སྲུང་ལ་གཅིག་གྱུར་འཆར་འགོད་བྱེད་པའི་སྲིད་འཛིན་སྡེ་ཁག་ལ་ལས་རྨས་སུ་ངོས་འཛིན་པའི་རེ་ཞུ་བྱེད་དགོས། དམིགས་བསལ་གྱི་གནས་ཚུལ་དང་འཕྲད་ཚེ། ངལ་རྩོལ་འགན་སྲུང་སྲིད་འཛིན་སྡེ་ཁག་འཐད་པ་བྱུང་བ་བརྒྱུད། རེ་ཞུ་བྱེད་པའི་དུས་ཡུན་འོས་འཚམ་གྱིས་ཕྱིར་འགྱངས་བྱེད་ཆོག མི་བཀོལ་ལས་ཁུངས་ཀྱིས་གཏན་འཁེལ་སྔ་མ་ལྟར་ལས་རྨས་སུ་ངོས་འཛིན་པའི་རེ་ཞུ་མ་བྱས་ཚེ། ལས་རྨས་ཕོག་པའི་ལས་བཟོ་པའམ་ཡང་ན་དེའི་ཐད་ཀའི་གཉེན་ཚན་དང་བཟོ་ཚོགས་རྩ་འཛུགས་ཀྱིས་དོན་རྐྱེན་གྱི་གནོད་འཚེ་ཐེབས་པའི་ཉིན་དང་ཡང་ན་ལས་རིགས་ནད་ཕོག་ཡོད་པར་ངོས་བཟུང་བའི་ཉིན་དེ་ནས་བརྩིས་པའི་ལོ1གི་ནང་ཚུན་དུ། མི་བཀོལ་ལས་ཁུངས་ཡོད་སའི་ས་གནས་ཀྱི་ངལ་རྩོལ་འགན་སྲུང་ལ་གཅིག་གྱུར་འཆར་འགོད་བྱེད་པའི་སྲིད་འཛིན་སྡེ་ཁག་ལ་ཐད་ཀར་དུ་ལས་རྨས་སུ་ངོས་འཛིན་བྱེད་དགོས་པའི་རེ་ཞུ་བྱེད་ཆོག

        མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི《ལས་རྨས་ཉེན་སྲུང་སྲོལ་ཡིག》ལག་བསྟར་བྱེད་པའི་གནད་དོན་འགའི་སྐོར་གྱི་བསམ་འཆར(གཉིས)པའི་དོན་ཚན8པ་ལྟར་ན། གཤམ་གྱི་སྣང་ཚུལ་འདི་དག་ལས་གཅིག་ཡོད་ཚེ། འགོར་འགྱངས་བྱས་པའི་དུས་ཚོད་དེ་ལས་རྨས་ངོས་འཛིན་རེ་ཞུའི་དུས་བཅད་ནང་དུ་མི་བརྩི་བ་ཡིན། གཅིག བཟློག་ཐབས་མེད་པའི་རྒྱུ་རྐྱེན་གྱི་ཤན་ཤུགས་ཐེབས་པ། གཉིས། ལས་བཟོ་པར་རྒྱལ་ཁབ་ལས་ཁུངས་ཀྱིས་བཙན་ཤེད་བྱེད་ཐབས་སྤྱད་པ་སོགས་མི་ལུས་རང་དབང་ལ་ཚད་བཀག་ཐེབས་རྐྱེན་ལས་རྨས་ངོས་འཛིན་རེ་ཞུ་བྱེད་མི་ཐུབ་པ། གསུམ། རེ་ཞུ་མཁན་གྱིས་ལས་རྨས་ངོས་འཛིན་རེ་ཞུ་ཡི་གེ་སྤྲད་ནའང་། སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ཐོ་འགོད་མ་བྱས་པའམ་ཡང་ན་ཡིག་ཆ་བོར་བརླག་བྱུང་བ་སོགས་ཀྱི་དབང་གིས་རེ་ཞུའི་དུས་ཡུན་ལས་བརྒལ་བ། བཞི། དོ་བདག་གིས་ངལ་རྩོལ་འབྲེལ་བ་ངེས་གཏན་བྱེད་ཆེད་ངལ་རྩོལ་འདུམ་གཅོད་རེ་ཞུ་བྱས་པའམ་ཡང་ན་དམངས་དོན་ཞུ་གཏུག་བྱས་པ། ལྔ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འཁེལ་དང་མཐུན་པའི་སྣང་ཚུལ་གཞན་དག་བཅས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1