མི་རིགས་ཀྱི་ཐང་ག་སྒྱུ་རྩལ་རྨ་ཆུའི་རྒྱུད་དུ་དར་ཞིང་འཕེལ།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-20




        དབྱར་མགོ་མ་འདིར་ཐང་སྐོར་གྲོང་རྡལ་གཙང་སྦ་སྡེ་བར་བསྐྱོད་པ་ན།  དེར་ན་གཞོན་སྐོར་ཞིག་གིས་སྡེ་བའི་ཕྱི་གྱང་གི་ངོས་སུ་རི་མོ་བཅུ་ལྷག་ལ་ཚོན་རྩི་བྱུག་བཞིན་མཆིས།  གསར་འགོད་པས་རྒྱུས་ལོན་བྱས་པ་ན།  ན་གཞོན་དེ་དག་ནི་སྦ་ནག་ཚང་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་སྦྱོང་གླིང་གི་སློབ་མ་ཡིན།

        སྦ་ནག་ཚང་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་སྦྱོང་གླིང་ནི། རང་རེའི་རྫོང་གི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རང་བཞིན་གྱི་རྟེན་གཞི་སྐོར་དང་པོ་ཡིན།  རྟེན་གཞི་དེ་ནི་གཙང་སྦ་སྡེ་བར་ཡོད་ཅིང་རྨ་ཁུགས་དང་པོའི་འགྲམ་དུ་གནས།  རྒྱུད་སྦྱོང་གླིང་དེ་ཚུགས་ཏེ་ལོ་ངོ་བརྒྱད་རིང་།  ཐང་གའི་སྐོར་གྱི་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུད་འཛིན། དར་སྤེལ་བཅས་ལ་འབད་ནས།  ཐང་ག་འབྲི་བཞེངས་གསོ་སྦྱོང་གིས་ཐང་ག་རྒྱུད་འཛིན་པ་གསོ་སྐྱོང་གནང་།

  རྒྱ་ཡིག་གི“唐卡”ཞེས་པ་ནི་བོད་སྐད་ནས་སྒྲ་འགྱུར་བྱུང་བ་ཡིན་ལ། དེ་ནི་གོས་ཚོན་རི་མོའི་རྒྱན་གྱིས་སྤྲས་ཤིང་སྟེང་དུ་འགེལ་ཞིང་བཤམས་པའི་ཆོས་ལུགས་ཀྱི་ཐང་ག་སྒྱུ་རྩལ་ཡིན།  ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་རི་མོའི་སྒྱུ་རྩལ་རྣམ་པ་ཞིག་ཡིན།  དེའི་ནང་དོན་ནི་བོད་ཀྱི་ལོ་རྒྱུས་དང་ཆབ་སྲིད།  རིག་གནས།  སྤྱི་ཚོགས་འཚོ་བ་སོགས་དང་འབྲེལ་ཞིང་། ཐང་ག་ནི་བོད་ཀྱི་རིག་གནས་ཁྲོད་ཐུན་མིན་གྱི་ཁྱད་ཆོས་ཀུན་ནས་འཛོམས་པའི་རི་མོའི་སྒྱུ་རྩལ་རྣམ་པ་ཞིག་ཡིན་པས།  ཀྲུང་གོའི་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་རྩ་ཆེན་དུ་གྲགས་ཤིང་།  བོད་ཀྱི་རིག་ཚན་ཀུན་བཏུས་སུ་གྲགས་པར་མ་ཟད།  ཀྲུང་ཧྭ་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་ཁྲོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྩ་ཆེན་ཡང་ཡིན།

        རྒྱུད་སྦྱོང་གླིང་གི་འགན་འཁུར་བའི་མིང་ལ་སྦ་ནག་ཚང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོར་འབོད་ལ།  རྒྱུད་སྦྱོང་གླིང་ཚུགས་ནས་བཟུང་ཁོང་གིས་སློབ་མ་རེ་རེ་རང་གི་བུ་ཕྲུག་ལྟར་བསྐྱངས་ཤིང་།  དགེ་རྒན་གདན་དྲངས་ཏེ་ཁོ་ཚོར་ཐང་ག་འབྲི་བཞེངས་ཁྲིད་པ་དང་། འཚོ་བའི་ཐད་ནས་ཁོ་ཚོར་རོགས་རམ་དང་བསམ་བློའི་ཐད་ནས་ཁོ་ཚོས་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་བྱེད་པར་སྐུལ་ཁྲིད་སྒོས།  ཁོ་ཚོ་དགེ་བའི་ལས་ལ་ཧུར་གྱིས་འཇུག་པའི་མི་གཞི་བཟང་བོ་སྐྱེད་སྲིང་བྱས།  སྦ་ནག་ཚང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལ་ཐང་སྐོར་གྱི་མི་སེར་རྣམས་ཀྱིས་ཡུལ་གྱི་མཁས་པར་བསྟོད།

        སྦ་ནག་ཚང་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་སྦྱོང་གླིང་གི་འགན་འཁུར་བ་སྦ་ནག་ཚང་འཇམ་དབྱང་ཐུབ་བསྟན་རྒྱ་མཚོས་བཤད་རྒྱུར།  ང་ཚོའི་ཐང་ག་རྒྱུད་སྦྱོང་གླིང་ནི2015ལོར་བཙུགས་པ་ཡིན།  ད་ལྟའི་བར་ལོ་ངོ8འགོར་ཡོད། ད་ཆར་རྒྱུད་སྦྱོང་གླིང་དུ་དགེ་རྒན3དང་རྒྱབ་ཕྱོགས་ལས་གཉེར་བ2དང་།  མཐར་ཕྱིན་སློབ་མ3བཅས་ཡོད། ད་དུང་སློབ་མ23ཡོད།  ད་ཆར་ང་ཚོའི་འདིར་མཐར་ཕྱིན་ཟིན་པའི་སློབ་མ8ཡོད།  ང་ཚོའི་སློབ་མ་མང་ཆེ་བ་མཛོད་དགེ་རྫོང་རང་ས་ནས་ཡོང་བ་ཡིན།  ཉུང་ཤས་ཤིག་ཞིང་ཆེན་གཞན་སྟེ་ཀན་སུའུ་དང་མཚོ་སྔོན་སོགས་ནས་ཡོང་བའི་སློབ་མའང་ཡོད།  ང་ཚོའི་འདིར་གཙོ་བོ་སྲོལ་རྒྱུན་ཐང་ག་འབྲི་བཞེངས་ཁྲིད་བཞིན་ཡོད་ལ་སྨན་ཐང་གྲུབ་མཐའ་བ་ཡིན། ཐང་ག་ལ་གྲུབ་མཐའ་གསུམ་ཡོད་པ་ལས་ང་ཚོ་ནི་སྨན་ཐང་གྲུབ་མཐའ་བ་ཡིན།  ལོ5ལ་སྦྱངས་ཏེ་མཐར་ཕྱིན་རྗེས། སློབ་མ་ལ་ལས་རང་ཉིད་ཀྱིས་ཐང་ག་འབྲི་བཞེངས་བྱེད་ཆོག་ལ།  ལ་ལ་ས་ཆ་གཞན་ལ་སློབ་སྦྱོང་དུ་སོང་ཆོག་ཟེར།

        སྦ་ནག་ཚང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་གསར་འགོད་པར་བཤད་རྒྱུར། རྒྱུད་སྦྱོང་གླིང་གི་སློབ་མ་མང་ཆེ་བ་མུ་མཐུད་དུ་རྟེན་གཞིར་བསྡད་དེ། དགེ་རྒན་དང་མཉམ་དུ་ཐང་ག་འབྲི་བཞེངས་བྱེད་འདོད།  རྒྱུད་སྦྱོང་གླིང་གིས་ཁོ་ཚོར་ཟླ་ཕོགས་སྟེར་ལ།  ལེགས་འགྲུབ་བྱུང་བའི་བརྩམས་ཆོས་དག་འགྲེམ་སྟོན་དང་ཡང་ན་ཕྱིར་འཚོང་བྱེད་བཞིན་ཡོད་ཟེར། རྒྱུས་ལོན་པ་ལྟར་ན།  རྒྱུད་སྦྱོང་གླིང་གི་སློབ་མས་ཟླ་གཅིག་ལ་འཚོ་བའི་གྲོན་དངུལ་སྒོར་སུམ་བརྒྱ་ལས་སྤྲོད་མི་དགོས་ལ།  གཞན་ཚང་མ་ལ་གྲོན་དངུལ་སྟེར་མི་དགོས།  ཡིན་ཡང་རྒྱུད་སྦྱོང་གླིང་ལ་མཚོན་ན་ལོ་གཅིག་ལ་ཕལ་ཆེར་འགྲོ་སོང་སྒོར་ཁྲི་སུམ་ཅུ་གཏོང་དགོས།  དེ་དག་ཚང་མ་སྦ་ནག་ཚང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་སྒེར་གྱི་བསགས་དངུལ་དང་།  སྤྱི་ཚོགས་ཀྱི་བྱམས་ལྡན་མི་སྣའི་རྒྱབ་སྐྱོར་དང་རོགས་རམ།  རྒྱུད་སྦྱོང་གླིང་གི་བརྩམས་ཆོས་ཕྱིར་འཚོང་གི་ཁེ་སྤོགས་བཅས་ལ་བྱུང་བ་ཡིན།

   སྦ་ནག་ཚང་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་སྦྱོང་གླིང་གི་འགན་འཁུར་བ་སྦ་ནག་ཚང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་བཤད་རྒྱུར། ང་ནི་མཛོད་དགེ་རྫོང་ཐང་སྐོར་ས་ཆའི་མི་ཡིན།  ངས་མི་སེར་དང་ས་གནས་རང་ལ་རང་གིས་སྒྲུབ་ཐུབ་པའི་བྱ་བ་རེ་སྒྲུབ་པ་ཡིན།  ཐང་ག་རྒྱུད་སྦྱོང་གླིང་གིས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱེད་ཐུབ་ལ།  ཐང་ག་འབྲི་བཞེངས་བྱེད་པའི་སློབ་མ་མང་བོ་གསོ་སྐྱོང་བྱེད་ཐུབ་པར་མ་ཟད།  ཐང་ག་འབྲི་བཞེངས་ལ་དགའ་མཁན་མང་བོ་སྐྱེད་སྲིང་བྱེད་ཐུབ་ཟེར།

   སྦ་ནག་ཚང་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་སྦྱོང་གླིང་གི་སློབ་མས་བཤད་རྒྱུར།   ཕྲན་ནི་ཨ་སྐྱིད་གྲོང་རྡལ་སྟོད་པ་སྡེ་བ་ནས་ཡོང་བ་ཡིན།  འདིར་ཡོང་སྟེ་ཐང་ག་སྦྱངས་ཏེ་ལོ་ངོ་ལྔ་ལྷག་ཡིན། ཕྲན་ཡིན་ནའང་ང་ཚོའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་བྱེད་འདོད་ཆེ་ཟེར།

        ལོ་མའི་ངོས་སུ་བཞེངས་པའི་ཐང་ག་ཡིས་གསར་འགོད་པའི་ཡིད་དབང་རབ་ཏུ་འཕྲོག  ལོ་མའི་ཐང་ག་དེའི་འབྲི་རྩལ་ཞིབ་ཚགས་ཆེ་ཞིང་ཁྱད་དུ་འཕགས།  ཐང་ག་དེའི་ནང་དོན་ནི《ཚེ་རིང་རྣམ་དྲུག》ཡིན་ལ་ལྷ་ཚེ་རིང་ཡང་ཟེར།  དེར་བྲག་ཚེ་རིང་དང་ཆུ་ཚེ་རིང་།  ཤིང་ཚེ་རིང་།  མི་ཚེ་རིང་། བྱ་ཚེ་རིང་།  རི་དྭགས་ཚེ་རིང་བཅས་ཀྱི་ནང་དོན་ལྡན། 

        སྦ་ནག་ཚང་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་སྦྱོང་གླིང་གི་འགན་འཁུར་བ་སྦ་ནག་ཚང་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོས་བཤད་རྒྱུར།  ཐང་ག་འདི་ནི་ང་ཚོའི་རྒྱུད་སྦྱོང་གླིང་གི་ བརྩམས་ཆོས་གསར་བ་ཡིན་ལ།  ད་ཆའི་བརྩམས་ཆོས་བཟང་ཤོས་ཡིན།  འདི་ནི་བྱང་ཆུབ་ལོ་མའི་ངོས་སུ་བཞེངས་པའི《ཚེ་རིང་རྣམ་དྲུག》ཡིན།  ང་ཚོའི་སྒྲོམ་འདིའི་ངོས་སུ་མཛོད་དགེའི་རྟགས་མཚན་དང་སྦ་ནག་ཚང་དངོས་མིན་ཤུལ་བཞག་རིག་གནས་ཞེས་པ་བཀོད་ཡོད།  བྱང་ཆུབ་ལོ་མའི་ཐང་ག་འདིའི《ཚེ་རིང་རྣམ་དྲུག》གི་ནང་དོན་ནི།  ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པ་དེ་ཡིན།  མིའི་རིགས་ཀྱིས་རང་ཉིད་སྲུང་སྐྱོང་བྱེད་དགོས་ན།  ཐོག་མར་ཁོར་ཡུག་དང་སྡོང་བོ།  རི་ཆུ་སོགས་སྲུང་སྐྱོང་བྱེད་དགོས་པ་དང་།  ཁོར་ཡུག་སྲུང་སྐྱོང་བྱས་ན་སྲོག་ཆགས་སྲུང་སྐྱོང་བྱས་པ་ཡིན།  དེར་བརྟེན《ཚེ་རིང་རྣམ་དྲུག》ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཟེར།

        རྒྱུས་ལོན་བྱས་པ་ལྟར་ན།  རྒྱུད་སྦྱོང་གླིང་གིས་ཉེ་བའི་ལོ་ཤས་རིང་གི་བརྩམས་ཆོས་ཁྲོད་སྐྱེ་ཁམས་སྲུང་སྐྱོང་གི་གཞི་རྒྱུ་ཐང་ག་གསར་བཞེངས་སུ་བཅུག་སྟེ། ཐང་གའི་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱིས་སྐྱེ་ཁམས་ཀྱི་རི་མོ་སྣ་ཚོགས་བཞེངས། དགེ་སློབ་རྣམས་ཀྱིས་མཉམ་དུ་གསར་བཞེངས་བྱེད་བཞིན་པའི་ཐང་གའི་མིང་ལ་རྨ་ཆུའི་བཞུར་རྒྱུད་ཅེས་འབོད།  རྨ་ཆུའི་བཞུར་རྒྱུད་ཟེར་བ་ནི་རྨ་ཆུའི་ཆུ་རྒྱུན་དེ་མགོ་ཁུངས་ནས་རྒྱ་མཚོར་བཞུར་བའི་བར་དུ་བཞུར་ཆུའི་ཤུགས་རྐྱེན་ཐེབས་པའི་ས་བབ་ཀྱི་སྐྱེ་ཁམས་ས་ཁོངས་ལ་ཟེར།  བཞུར་རྒྱུད་དེ་ནི་ནུབ་ནས་ཤར་དུ་མཚོ་བོད་མཐོ་སྒང་དང་ནང་སོག་མཐོ་སྒང་།  ས་སེར་མཐོ་སྒང་།   ཧོང་ཧོའེ་ཧའེ་བདེ་ཐང་བཅས་བརྒྱུད་ཡོད།  ཐང་ག་དེའི་མཐོ་ཚད་ལ་སྨི1.8དང་ཞེང་ཚད་ལ་སྨི10ཡོད།   ཐང་ག་དེས་རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ཆེན9ཡི་རྣམ་པ་མངོན་པར་མཚོན།  ད་ཆར་དགེ་སློབ་རྣམས་ཀྱིས་ཐང་ག་དེའི་སྐྱ་རིས་ལེགས་འགྲུབ་སྒོས།  ཚོན་འདིང་དང་སྐྱ་ཐིག་གཏན་འཁེལ།  གསེར་བྱུག  འཚེམ་སྦྱོར་སོགས་ཀྱི་གོ་རིམ་སྐྱོང་བཞིན་ཡོད་ལ།  ལོ་ཕྱེད་ནང་ལེགས་འགྲུབ་འབྱུང་རྒྱུ་རེད།  ཡོངས་སུ་བཞེངས་འགྲུབ་ཡོང་བར་བསྡོམས་པའི་དུས་ཡུན་ཟླ་བརྒྱད་ཡས་མས་འགོར།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1