ཞི་ཅིན་ཕིང་གིས་ཨ་རིའི་པིར་ཅི་མེ་ལིན་ཏ·ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་པིར·ཀའེ་ཚིར་མཇལ་འཕྲད་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-20


ཟླ་6ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨ་རིའི་པིར་ཅི་མེ་ལིན་ཏ·ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་པིར·ཀའེ་ཚིར་མཇལ་འཕྲད་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨ་རིའི་པིར་ཅི་མེ་ལིན་ཏ·ཀའེ་ཚི་ཐེབས་རྩ་ལྷན་ཚོགས་ཀྱི་མཉམ་འབྲེལ་ཀྲུའུ་ཞི་པིར·ཀའེ་ཚིར་མཇལ་འཕྲད་གནང་བ་རེད།

        ཞི་ཅིན་ཕིང་གིས་ཀའེ་ཚི་དང་དེའི་ཐེབས་རྩ་ལྷན་ཚོགས་ཀྱིས་དུས་ཡུན་རིང་པོར་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་དང་། འཕྲོད་བསྟེན། འཕེལ་རྒྱས་བཅས་དང་དེ་བཞིན་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ལ་སྐུལ་འདེད་བཏང་བར་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པས། ངས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་པའི་དམིགས་ཡུལ་ནི། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་བྱ་ཆེད་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱ་རྒྱུ་དེ་ཡིན། ཀྲུང་གོས་དང་ཐོག་བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཡོད། མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་ཡུན་རིང་བརྟན་ལྷིང་དང་རྒྱུན་མཐུད་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པ་དེ་ནི་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཡིན། ང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་མངོན་འགྱུར་བྱས་ཏེ་གྲོང་གསེབ་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད། ང་ཚོ་རྒྱལ་ཁབ་སྟོབས་ཆེར་གྱུར་ན་བཙན་དབང་བྱེད་སྤྱོད་སྤེལ་བའི་ལམ་རྙིང་པར་རྩ་བ་ནས་མི་སྐྱོད་པར། རྒྱལ་ཁབ་གཞན་དང་མཉམ་དུ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་གི་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཚན་རྩལ་གསར་གཏོད་ཐད་མཉམ་ལས་རྒྱ་ཁྱབ་བྱེད་པ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རིམས་ནད་ལ་འགོག་རྒོལ། སྤྱི་པའི་འཕྲོད་བསྟེན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཧུར་ཐག་ཞུགས་པ་དང་འབྲེལ་སྐུལ་འདེད་ཀྱང་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པིར་མེ་ལིན་ཏ·ཀའེ་ཚི་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་འབྲེལ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད།

        ཞི་ཅིན་ཕིང་གིས་ཁྱེད་ནི་ངས་ད་ལོར་པེ་ཅིང་དུ་ཐུག་འཕྲད་བྱས་པའི་ཨ་རིའི་གྲོགས་པོ་དང་པོ་རེད། འཛམ་གླིང་ཏོག་གསར་རིམས་ནད་ལས་ཐར་བཞིན་ཡོད་པས། ང་ཚོས་འགྲོ་འོང་དང་སྤེལ་རེས་མང་ཙམ་བྱས་ཏེ་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་དགོས། ངས་རྒྱུན་དུ་ཀྲུང་གོ་དང་ཨ་རིའི་དབར་གྱི་འབྲེལ་བའི་རྨང་གཞི་དམངས་ཁྲོད་དུ་ཡོད་ཅེས་ཤོད་ཀྱི་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཨ་རིའི་མི་དམངས་ལ་རེ་བ་བཅོལ་ཡོད་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་མཛའ་མཐུན་ཡོང་བའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

        ཀའེ་ཚིས་ཀྲུང་གོ་དང་མཉམ་ལས་བྱས་པའི་འཕེལ་རིམ་གྱི་གནས་ཚུལ་དང་དེ་བཞིན་འབྱུང་འགྱུར་གྱི་བསམ་བཀོད་ངོ་སྤྲོད་གནང་ཞིང་། ཁོང་གིས་དབུལ་པོ་ཉུང་གཏོང་དང་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་ཐད་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཆེན་པོ་ཐོབ་ནས་འཛམ་གླིང་ལ་མིག་དཔེ་བཟང་པོ་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། པིར་མེ་ལིན་ཏ·ཀའེ་ཚི་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོའི་དབར་སྤེལ་བའི་མཉམ་ལས་བཟང་པོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཀྲུང་གོས་གསར་གཏོད་འཕེལ་རྒྱས་མགྱོགས་སུ་བཏང་བ་ཀྲུང་གོ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ། འཛམ་གླིང་བཅས་ལ་ཕན་ཐོགས་ཡོད། ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་གོ་དང་མཉམ་དུ་གསར་གཏོད་དང་། གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་། སྤྱི་པའི་འཕྲོད་བསྟེན། སྨན་རྫས་ཞིབ་སྤེལ། གྲོང་གསེབ་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་འབྲེལ་གྲུབ་འབྲས་ལྡན་པའི་ཉམས་མྱོང་དང་ལག་རྩལ་དག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁྱབ་གདལ་གཏོང་གི་ཡིན་ཞེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1