ཞི་ཅིན་ཕིང་གིས་ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཤིང་ཆིང་ཆུས་ཧྥུའུ་དབྱང་བསྲེགས་ཟས་ཟ་ཁང་གི་སོལ་རླངས་འབར་གས་ལས་འཛོལ་སྐོར་ལ་མཛུབ་སྟོན་གལ་ཆེན་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-25


        ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་དང་གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་21ཉིན་གྱི་ཆུ་ཚོད་20དང་སྐར་མ་40ཙམ་ལ། ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཤིང་ཆིང་ཆུས་ཧྥུའུ་དབྱང་བསྲེགས་ཟས་ཟ་ཁང་དུ་སོལ་རླངས་འབར་གས་ཀྱི་ལས་འཛོལ་ཐོན་ཞིང་། མིག་སྔའི་བར་ལས་འཛོལ་ནང་མི་31རྐྱེན་ལམ་དུ་ཤོར་བ་དང་མི་7ལ་རྨས་སྐྱོན་ཕོག་ཡོད་པ་རེད།

        ལས་འཛོལ་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་ཞིང་། ཉིང་ཞ་དབྱིན་ཁྲོན་གྲོང་ཁྱེར་ཤིང་ཆིང་ཆུས་ཧྥུའུ་དབྱང་བསྲེགས་ཟས་ཟ་ཁང་དུ་སོལ་རླངས་འབར་གས་ཀྱི་ལས་འཛོལ་ཐོན་ནས་མི་མང་པོ་ཤི་རྨས་བྱུང་སྟེ་མི་རྣམས་བློ་ཕམ་ཆེན་པོ་སྐྱེས་ཡོད་ལ་བསླབ་བྱ་ཡང་ཟབ་མོ་ཐེབས་ཡོད་པ་རེད། རྨས་མ་སྐྱོབ་བཅོས་དང་ཤི་རྨས་བྱུང་བའི་ནང་མིར་སེམས་གསོ་གཏོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ལས་འཛོལ་ཐོན་པའི་རྒྱུ་རྐྱེན་གང་མགྱོགས་རྩད་གཅོད་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། མིག་སྔ་ནི་ལྔ་པའི་ཚེས་ལྔའི་གུང་གསེང་ཡིན་པས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་དོན་འཁྱོལ་བྱེད་པ་དང་མི་མངོན་པའི་རྐྱེན་ངན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་ཉེན་ཁ་གྲལ་བཤེར་བྱེད་དགོས། ཉེ་ཆར་འབྲེལ་ཡོད་སྡེ་ཚན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་ཆེད་དོན་བཅོས་སྒྲིག་ཐེངས་གཅིག་བྱས་ནས་གཙོ་གནད་ལས་རིགས་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ། ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐོན་རྒྱུར་དོགས་ཟོན་ནུས་ལྡན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།

        ཞི་ཅིན་ཕིང་གི་མཛུབ་སྟོན་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུའུ་དང་། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་མངགས་ནས་ས་གནས་ས་ཐོག་ཏུ་རྨས་མ་སྐྱོབ་བཅོས་དང་འཕྲལ་སྡོམ་ཐག་གཅོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་བྱས་ཡོད། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དང་དབྱིན་ཁྲོན་གྲོང་ཁྱེར་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རྗེས་འཇུག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཤིང་། མིག་སྔར་སྨན་བཅོས་སྐྱོབ་བཅོས་དང་ལས་འཛོལ་ཐོན་རྐྱེན་བརྟག་དཔྱད་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1