རྔ་བ་རྫོང་ནི་སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གསུམ་གྱི་ས་མཚམས་སུ་ཆགས་ཤིང་། མཐོ་སྒང་གི་འབྲུ་མཛོད་ཀྱི་མཚན་སྙན་ཡོད། ཉེ་ཆར། གསར་འགོད་པ་རྔ་བ་རྫོང་ནས་ནག་དེང་རབས་ཞིང་ལས་གླིང་ཁུལ་དུ་ཐོན་པ་ན། མཐའ་ཡས་པའི་ཞིང་ཁ་རུ་ནས་ནག་གི་མྱུ་གུ་འབུས་ནས་ལྗང་ནེམ་མེར་བྱེད་པར་མཐོང་།
ཉེ་བའི་ལོ་ཤས་རིང་ནས་བཟུང་། རྔ་བ་རྫོང་གིས་ཡུལ་གྲོང་གི་ཞིང་སའི་ཐོན་ཁུངས་སྔོག་འདོན་ལེགས་པོ་བྱས་ཤིང་། མཐོ་སྒང་ནས་ནག་གི་ལེགས་ཆ་ལེགས་པར་སྤྱད་དེ། ཚན་རྩལ་གྱི་མཐུ་ལ་བརྟེན་ནས་རྔ་བའི་ནས་ནག་དང་། ཁོན་ལོན་ཨང་བཅོ་ལྔ་བ། བོད་ནས་2000སོགས་ནས་ཀྱི་རིགས་34འདེབས་པའི་ཚོད་ལྟ་ལེགས་པར་གྲུབ་སྟེ། ནས་ནག་དེང་རབས་ཞིང་ལས་གླིང་ཁུལ་བཙུགས།
ནས་ཀྱི་དེང་རབས་ཞིང་ལས་གླིང་ཁུལ་ནི་རྔ་བ་རྫོང་གི་ནུབ་བྱང་དུ་ཡོད་ལ། ཡུལ་ཚོ་དང་གྲོང་རྡལ་8འདུས་ཡོད་ལ། དུད་ཚང་7822ཀྱི་མི་41175དང་འབྲེལ་བ་ཡོད། ཐོན་ལས་གཙོ་བོ་ནི་ནས་འདེབས་རྒྱུ་ཡིན་ལ། འབྲུ་རིགས་རེས་མོས་ཀྱི་འདེབས་པ་དང་། ནོར་གནག་གསོ་སྤེལ་སོགས་ཀྱི་སྐྱེ་ཁམས་རེས་མོས་ཀྱི་རྣམ་པར་སྐུལ་འདེད་བཏང་སྟེ། ད་ལོའི་ཟླ་2པར་ཞིང་ཆེན་རིམ་པའི་སྐར་མ་4ཅན་གྱི་དེང་རབས་ཞིང་ལས་གླིང་ཁུལ་བསྐྲུན་པ་རེད། མིག་སྔའི་བར་དུ། གླིང་ཁུལ་གྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་2.5ཟིན་ཡོད།
ཀུང་སི་དེའི་སྲིད་འཛིན་སྤྱི་བཤེར་པ་འཇིགས་མེད་ཀྱིས་གསར་འགོད་པར་དེ་རིང་དངོས་ཟུང་འདི་དག་ཧོ་པེ་དང་། ཧྲིན་ཀྲེན། ཐེན་ཅིན། ཁྲེང་ཏུའུ་སོགས་སུ་འཁྱེར་དགོས་ཞེས་བཤད།
མིག་སྔར། ཀུང་སི་དེས་རྩམ་པ་དང་། འོ་ཇ། གོར་སོབ་སོགས་ནས་ནག་གིས་བཟོས་པའི་ཐོན་རྫས་རིགས་སྣ་20ཐོན་འབྱེད་བྱས་ཡོད་པ་དང་། ཐོན་རྫས་འགའ་ཞིག་ལ་སྐྱེ་ལྡན་ཐོན་སྐྱེད་དང་། མཚོན་རྟགས། ཕྱིར་འཚོང་གི་དཔང་གཅོད་ཡི་གེ་ཐོབ་ཡོད་པར་མ་ཟད། ཀྲེ་ཅང་དང་། ཀན་སུའུ། མཚོ་སྔོན་སོགས་སུ་ཚོང་ཤིན་ཏུ་བྲིན་པར་གྱུར་ཡོད། དེ་ཙམ་དུ་མ་ཟད། ནས་ནག་གི་འོ་ཇར་ནས་གོར་སྤོད་པའི་འཚོ་བཅུད་ཞོགས་ཟས་ལ་ཕྱོགས་སོ་སོའི་དགའ་བསུ་ཐོབ།
རྔ་བ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་རིག་འཛིན་ཚེ་རིང་གིས་བཤད་རྒྱུར། མི་འགྱང་བར་ང་ཚོས་ཕྱོགས་ཡོངས་ནས་གཞི་ཁྱོན་ཅན་དང་། འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ཆུ་ཚད་ཇེ་མཐོར་བཏང་སྟེ། ནུས་ཤུགས་ཆེན་པོས་ཁྱིམ་གཞིས་ཞིང་ར་དང་། ཞིང་བའི་མཉམ་ལས་ཁང་སོགས་རྣམ་པ་གསར་བའི་ཞིང་ལས་ལས་གཉེར་གཙོ་གཞི་འཕེལ་རྒྱས་སུ་གཏོང་བ་དང་། རྣམ་པ་གསར་བའི་ལས་རིགས་ཀྱི་གསོ་སྦྱོང་འཆར་གཞི་ལག་ཏུ་བསྟར་ཏེ། ནུས་ཤུགས་ཡོད་རྒུས་དུས་རབས་གསར་བའི་ཆུ་ཚད་མཐོན་པོ་ཅན་གྱི་མཐོ་སྒང་གི་འབྲུ་མཛོད་བསྐྲུན་རྒྱུ་ཡིན་ཞེས་བཤད་དོ།།