ཨ་མདོའི་ཡུལ་གྲུ་མང་པོར། སྟོན་མོའི་སྐབས་སུ་ལེན་པའི་གླུ་རིགས་སུ། རྟོག་སྣང་གི་བློ་རྩལ་འགྲན་པའམ། ཡང་ན་བློ་རྩལ་དེས་འཇིག་རྟེན་གྱི་སྣང་ཚུལ་སྣ་ཚོགས་ལ་འགྲེལ་བཤད་རྒྱག་པའི་ཚུལ་དུ་ལེན་པའི་གླུ་རིགས་ཤིག་ཡོད་། དེ་ཡང་གཙོ་བོ་སྣང་ཚུལ་བྱེ་བྲག་པ་གཅིག་གླུ་རྐྱང་པ་གཅིག་ཏུ་ལེན་པ་དང་། སྣང་ཚུལ་འདྲ་མིན་ཁག་ཅིག་གླུ་ཚོགས་གཅིག་ཏུ་བྱས་ནས་ལེན་པ་རིགས་གཉིས་ཡོད་། དེ་ལས་གླུ་ཚོགས་ཤིག་ཏུ་སྲིད་པ་སྟེ། འཇིག་རྟེན་འདི་གང་ཟག་བྱེ་བྲག་པ་ཞིག་གི་ཚུལ་དུ་བཀོད་ཅིང་། དེ་ལ་བ་ཞིག་ཡོད་པ་བཤའ་བ་སྟེ། ཤའི་དོན་དུ་གསོད་པའི་གནས་སྐབས་དེ་ལ་བའི་ལུས་ཀྱི་ཆ་ཤས་རེ་རེ་ནས་འཇིག་རྟེན་གྱི་སྣང་ཚུལ་རེ་རེ་གྲུབ་ཚུལ་གླུ་རུ་ལེན་པ་དེ་ཨ་མདོའི་ཡུལ་གྲུ་མང་པོར་ཅུང་ཙམ་ཁྱབ་རྒྱ་ཆེ་བས་ན་གླུ་ཚོགས་འདི་ལ་སྲིད་པའི་བ་ཆུང་བཤའ་གླུ་ཞེས་གྲགས་ཆེ། མ་གཞི་གླུ་རིགས་འདིས་སྣོད་བཅུད་ཀྱི་འཇིག་རྟེན་ཏེ། རང་བྱུང་གི་འཇིག་རྟེན་ཁམས་འདི་དང་དེ་ལ་གནས་པའི་མིའི་སྤྱི་ཚོགས་ཀྱི་སྣང་ཚུལ་བཅས་ལ་འགྲེལ་བཤད་རྒྱག་པས་ན་ངག་རྒྱུན་དུ་གླུ་རིགས་འདི་ལ་སྲིད་པ་ཆགས་གླུ་དང་སྲིད་པའི་སྒྲུང་གླུ་ཡང་ཟེར་། སྐབས་འགར་སྲིད་པ་ཟེར་བའི་མིང་རྐྱང་འདིས་ཀྱང་གླུ་རིགས་འདི་སྟོན་པའི་སྐབས་ཡོད་དེ། དཔེར་ན། གླུ་སྲིད་པ་ཁ་མཚར་གླུ་ཤགས་གསུམ། 1 ཞེས་པའི་ཚིག་རྐང་འདིས་གླུ་རིགས་གསུམ་ཡོད་པ་སྟོན་ཅིང་། སྲིད་པ་ཞེས་པ་འདིས་ང་ཚོས་ད་ལྟ་གླེང་བཞིན་པའི་གླུ་རིགས་འདི་སྟོན་ནོ། གླུ་འདི་རིགས་ལེན་སྟངས་ནི་གླུ་པ་གཉིས་སམ། ཕོ་མོ་ཕྱོགས་གཉིས་ནས་ཕན་ཚུན་ལ་དྲི་བ་དྲི་ལན་གྱི་ཚུལ་གྱིས་ལེན་པ་ཡིན། དཔེར་ན། གོང་དུ་བཀོད་པའི་སྲིད་པའི་བ་ཆུང་བཤའ་གླུ་ཟེར་བའི་གླུ་ཚན་ཞིག་ལྟར་ན།
སྲིད་པའི་བ་ཆུང་བཤའ་དུས་སུ།།
བ་རྔ་བླངས་ནས་གང་ལ་བཞག་།
ངས་མ་ཤེས་གླུ་བར་དྲིས་པ་ཡིན། 2
ཞེས་གླུ་པ་དང་པོས་དྲིས་པའི་ལན་དུ་ལན་འདེམས་མཁན་གྱི་གླུ་པས།
སྲིད་པའི་བ་ཆུང་བཤའ་དུས་སུ།
བ་རྔ་བླངས་ནས་ལམ་ལ་བཞག།
ལམ་འཁྱོག་ཆ་ཆེ་བ་དེ་ཡིས་རེད་།། 3 ཞེས་ལན་འདེབས་པར་བྱེད།
འདི་ལྟ་བུའི་གླུའི་ཚིག་དོན་ལ་དེང་སང་ཨ་མདོ་པ་རྣམས་ཀྱིས་ཡིད་ཆེས་བྱེད་ཀྱི་ཡོད་མེད་ཅི་ལྟ་ཡང་། གླུ་དང་གླུ་ཚིག་འདི་འདྲ་མང་པོ་ཨ་མདོ་བ་མང་པོའི་ངག་རྒྱུན་དུ་ཁྱབ་ཡོད་ལ། ཡུལ་གྲུ་མང་པོར་དེང་སང་ཡང་སྟོན་མོའི་སྐབས་སུ་ལེན་དང་ལེན་བཞིན་པ་ཡིན། ཡིན་ན་ཡང་དེང་སང་བོད་ཀྱི་རྩོམ་རིག་ལོ་རྒྱུས་འབྲི་མཁན་རྣམས་ཀྱིས་ལྟ་བ་གཅིག་མཐུན་གྱིས་གོང་གསལ་གྱི་སྲིད་པ་ཆགས་གླུ་ཟེར་བ་སོགས་གདོད་མའི་དུས་སྐབས་ཀྱི་སྙན་ངག་རེད་ཟེར། ངས་ལྟ་བ་འདི་ལ་ཐོག་མར་དོ་སྣང་བྱུང་ས་ནི་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་རྒྱ་མིའི་སློབ་དཔོན་ཆེན་མོ་ལྦང་དབྱིན་ནོན་ཟེར་བ་དེས་ལོ་རབས་བདུན་ཅུའི་མཇུག་ཏུ་རྒྱ་ཡིག་ཏུ་བྲིས་ཤིང་སྣུམ་པར་དུ་བཏབ་པའི་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་བསྡུས་པ་ཟེར་བ་དེ་ཡིན། དེ་ནས་ལོ་ཤས་སོང་རྗེས། མཱ་ཞུའི་ལེང་དང་། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ཐུང་ཅིན་ཧ་གསུམ་གྱིས་གཙོ་འགན་གྱིས་རྩོམ་སྒྲིག་བྱས་པའི་རྒྱ་ཡིག་གི་བོད་རིགས་རྩོམ་རིག་ལོ་རྒྱུས་4 ཞེས་པ་བམ་པོ་གཉིས་ཅན་ཞིག་དང་། དེ་ནས་ལོ་ཤས་ཀྱི་རྗེས་སུ་དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་རྣམ་གཉིས་ཀྱིས་མཛད་པའི་བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་5 ཟེར་བ་དེར་ཡང་ལྟ་བ་གཅིག་མཚུངས་དང་དཔེར་བརྗོད་གཅིག་མཚུངས་སུ་ཐོན་འདུག ལྟ་བ་འདི་ལོ་ཉི་ཤུ་ལྷག་གི་རིང་ལ་རྒྱ་བོད་གཉིས་ཀྱི་མཁས་པས་ཡང་དང་ཡང་དུ་གླེང་ཡང་། བོད་ཀྱི་རྩོམ་རིག་ལ་མཁས་པ་རྣམས་ཀྱིས་ལྟ་བ་འདི་ངོས་ལེན་བྱས་པ་ཡིན་ནམ་ཅི་། འདིའི་སྐོར་ལ་གྲོས་བསྡུར་དང་དོགས་སློང་བྱས་པའི་རྩོམ་ཡིག་ལྟ་ཞོག་གླེང་མོལ་ཙམ་ཡང་ཐོས་རྒྱུ་མ་བྱུང་། ང་རང་ལ་མཚོན་ན་ཡང་། ལྟ་བ་འདི་ལ་དང་པོ་དོ་སྣང་བྱུང་དུས་ནས་ང་རང་གི་བློ་ངོར་འཇུག་པོ་ཞིག་མ་བྱུང་། ཡིན་ན་ཡང་ཅིའི་ཕྱིར་ང་རང་གི་བློ་ངོར་མི་འཇུག་པའི་རྒྱུ་མཚན་ནི་ང་རང་གིས་ཀྱང་བརྗོད་མ་ཤེས་ཏེ་ད་བར་དུ་མི་སྨྲ་བའི་བརྟུལ་ཞུགས་མ་བཟུང་རང་བཟུང་དུ་གྱུར་། ཉེ་ཆར་ལྟ་བ་དེ་ཡང་བསྐྱར་ཐོས་ཡོང་དུས་བློ་ངོར་མི་འཇུག་པའི་ཚོར་བ་དེ་སྔར་ལས་ཀྱང་ཤུགས་ཆེར་ཡོང་སྟེ། བསམ་བློ་ཡང་ཡང་བཏང་དུས་བློ་ངོར་མི་འཇུག་པའི་རྒྱུ་མཚན་གྱི་དང་པོ་ལ། བོད་ཀྱི་རྩོམ་རིག་ལོ་རྒྱུས་མཁན་པོ་རྣམས་ལ་དེང་སང་གི་མི་གསོན་པའི་ངག་ན་ཁྱབ་ཡོད་པའི་གླུ་རིགས་འདི་དག་གདོད་མའི་སྙན་ངག་ཏུ་འཇོག་པའི་གདེངས་ཚོད་དེ་འདྲའི་ཆེན་པོ་ཞིག་གང་ནས་ཐོབ་པ་ཡིན་ནམ་སྙམ་པ་དེ་ཡིན། སྐུ་ཞབས་ལྦང་དབྱིས་ནོན་གྱི་བརྩམས་དེབ་དེ་ངས་རྩོམ་འདི་འབྲི་སྐབས་ཀློག་སྐལ་མ་བྱུང་ཡང་། རྒྱ་ཡིག་གི་བོད་རིགས་རྩོམ་རིག་གི་ལོ་རྒྱུས་ཞེས་པར་གླུ་རིགས་འདི་གདོད་མའི་སྤྱི་ཚོགས་སུ་བྱུང་བར་འདོད་ཅིང་། དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གཉིས་ཀྱིས་ཀྱང་བཞེད་ལུགས་དེ་ལ་མོས་མཐུན་གྱི་ཁར་། ཚམ་ཚོམ་ཅི་ཡང་མེད་པར་གླུ་རིགས་དེ་ལ་གདོད་མའི་སྙན་ངག་ཅེས་བརྡ་ཆད་ཅིག་ཀྱང་སྦྱར་འདུག བོད་ཡིག་རང་སྟེང་ནས་གདོད་མ་ཟེར་བ་འདི་ལ་ཐོག་མ་ཙམ་གྱི་དོན་ཡིན་ཅིང་། དེའི་དབང་དུ་བཏང་ན་གདོད་མའི་སྙན་ངག་ཟེར་བ་དེ་ཐོག་མའི་སྙན་ངག་ཙམ་ལས་གོ་རྒྱུ་མེད་པས། གནས་བབ་དང་བསྟུན་ནས་ཐོག་མ་དེ་ང་ཚོས་དུས་གང་ཞིག་ལ་འོས་ན་དེ་ལ་སྦྱར་ཆོག ཡིན་ན་ཡང་ད་ལྟ་ང་ཚོས་གླེང་བཞིན་པའི་གདོད་མའི་སྙན་ངག་ཟེར་བ་འདི་རྒྱ་རིགས་མཁས་པའི་བཞེད་ལུགས་གདོད་མའི་སྤྱི་ཚོགས་ཀྱི་གདོད་མའི་དུས་དེ་ལ་གཞིར་འཛིན་པ་ལས་འོས་མེད་། རྒྱ་ཡིག་ཏུ་བྲིས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་གདོད་མའི་ཚིག་དོད་དུ་ཡོན་ཧྲི་ཟེར་བ་འདི་ཐོན་ཡོད་། རི་མོ་གཙོ་བོར་གྱུར་བའི་སྒྱུ་རྩལ་ལ་གདོད་མའི་སྒྱུ་རྩལ་ཞེས་འབྱུང་བ་མང་ཡང་། རྩོམ་རིག་གི་ལོ་རྒྱུས་ལ་དམིགས་བསལ་གྱིས་གདོད་མའི་དུས་ཞེས་དུས་མཚམས་ངེས་ཅན་ཞིག་ངོས་འཛིན་བྱེད་རྒྱུ་ཡོད་མེད་ངས་མི་ཤེས། ང་ད་ལོར་ཕྱི་རྒྱལ་པ་ཁ་ཤས་ཏེ། ནུབ་ཕྱོགས་རྩོམ་རིག་ལོ་རྒྱུས་ལ་མཁས་པ་མིན་ཡང་ནུབ་ཕྱོགས་པའི་སྒྱུ་རྩལ་དང་རྩོམ་རིག་ལ་མཐོང་རྒྱ་དང་ཐོས་རྒྱ་ཆེ་བའི་མི་ཁ་ཤས་ལ་ཐུག་ནས་ཁོ་ཚོའི་རྩོམ་རིག་གི་དུས་རིམ་ལ་གདོད་མའི་རྩོམ་རིག་ཡོད་མེད་དྲིས་པར། གདོད་མའི་སྒྱུ་རྩལ་ཟེར་བ་གོ་མྱོང་བ་ལས་གདོད་མའི་རྩོམ་རིག་ཟེར་བ་གོ་མ་མྱོང་ཟེར་། གལ་སྲིད་རྩོམ་རིག་གི་ལོ་རྒྱུས་ལ་དམིགས་བསལ་གྱི་གདོད་མའི་དུས་ཤིག་ངོས་འཛིན་རྒྱུ་མེད་པར། སྤྱིར་བཏང་འགྲོ་བ་མི་ཡི་ལོ་རྒྱུས་ཀྱི་གདོད་མའི་སྤྱི་ཚོགས་ཟེར་བའི་དུས་སྐབས་དེ་ལ་ངོས་འཛིན་དགོས་ཚེ། དུས་སྐབས་དེ་ནི་ཀྲུང་གོའི་ལོ་རྒྱུས་སུ་རྒྱ་ནག་གི་སྤྱི་ཚོགས་འཕེལ་རིམ་གཞིར་བཟུང་གིས་གཏན་འབེབས་བྱས་པའི་གདོད་མའི་སྤྱི་ཚོགས་ལྟར་ན་ལོ་ངོ་བཞི་སྟོང་གི་སྔོན་ནས་དྲུག་འབུམ་སྔོན་གྱི་བར་དུ་འགྲོ་ཐུབ་ལ། དེང་སང་ཨ་མདོའི་ཡུལ་གྲུ་མང་པོར་ལེན་བཞིན་པའི་སྲིད་པའི་སྒྲུང་གླུ་སོགས་ཀྱང་གོང་གི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་མཁན་པོ་རྣམས་ལྟར་ན་ཉུང་མཐར་ཡང་ལོ་ངོ་བཞི་སྟོང་སྔོན་དང་མང་མཐའ་ལོ་ངོ་འབུམ་དྲུག་སྔོན་གྱི་ཡོད་དགོས་པར་གྱུར་ཡོད་། དངོས་གནས་བྱས་ན། དེང་སང་ང་ཚོས་གླུ་རིགས་འདི་དག་ལོ་ངོ་བརྒྱ་ཡས་མས་ཀྱི་སྔོན་ལ་ལེན་གི་ཡོད་པ་གཅིག་བྱས་ན་རང་རང་གི་ཕ་མ་དང་། ཕ་མའི་ཕ་མའི་ངག་ལ་ཉན་ནས་ཁུངས་སྐྱེལ་ཐུབ་ལས་ཆེ། ཡིན་ན་ཡང་། གླུ་རིགས་འདི་ལོ་ཉིས་བརྒྱའི་སྔོན་ལ་ཡང་ལེན་གི་ཡོད་པ་ང་ཚོས་ཡིད་ཆེས་ཀྱིས་བརྗོད་ཆོག་ཀྱང་ཡིག་ཐོག་དང་ངག་ཐོག་ནས་ཁུངས་བཙན་པོ་ཞིག་སྐྱེལ་ནས་བརྗོད་དགོས་ན། ངའི་ཨ་མྱེས་དང་ཨ་ཕྱི་གཉིས་ནས་ངའི་ཕ་མ་གཉིས་ལ་བཤད་འདུག་ཟེར་བ་ལྷག་ཙམ་གྱི་ཁུངས་ཤིག་སྐྱེལ་ཐབས་དཀའ་སྙམ། དེ་ལྟར་ཡིན་ན་ཡང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་མཁན་པོ་རྣམས་ཀྱིས་དེང་སང་གི་མི་ཡི་ངག་རྒྱུན་ལ་ཁྱབ་པ། དེང་སང་གི་སྟོན་མོའི་ཐོག་ན་དེང་སང་གི་མིས་སྤྲོ་བ་འཕེལ་བྱེད་དུ་ལེན་པ། དེང་སང་གི་མི་རྣམས་ཀྱིས་སྤྲོ་བས་ཉན་བཞིན་པའི་སྲིད་པའི་སྒྲུང་གླུ་ལྟ་བུའི་རིགས་འདི་དག་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཙམ་མ་ཡིན་པར་། གདོད་མའི་དུས་ཏེ། ལོ་ངོ་སྟོང་ཕྲག་དང་ཁྲི་ཕྲག་ཁ་ཤས་། ཐ་ན་ལོ་ངོ་འབུམ་ཕྲག་ཁ་ཤས་ཀྱི་སྔོན་གྱི་རེད་ཟེར་ན་འདི་ནི་མཁས་གཏམ་ཆུང་ཆུང་ཞིག་གཏན་ནས་མིན་ནོ། དེ་ནས་གདོད་མའི་དངོས་རྫས་ངོས་འཛིན་བྱེད་སྟངས་ཀྱི་ཐད་ནས་ཀྱང་ལྟ་བ་འདི་བློ་ངོར་འཇུག་དཀའ་བ་ཞིག་འདུག སྤྱིར་བཏང་ཅ་ལག་དང་རི་མོའི་ནང་ན་གདོད་མའི་དུས་སྐབས་ཀྱི་རེད་ཟེར་བ་མང་། དེ་དག་ནི་གདོད་མའི་དུས་སྐབས་རང་ལ་གདོད་མའི་མིས་བཟོས་བ་གང་ཞིག་ཕྱིས་ཀྱི་འགྲོ་བ་མིས་བེད་སྤྱོད་དང་བཅོས་སླད་མ་བྱས་པ་རྙེད་ནས་བརྗོད་ཀྱི་ཡོད་པ་ལས། དེང་སང་ཡང་འབྲི་བཞིན་པའི་རི་མོའི་རིགས་ཤིག་དང་བེད་སྤྱོད་བྱེད་བཞིན་པའི་ཅ་ལག་ཅིག་གདོད་མའི་དུས་སྐབས་ཀྱི་ཡིན་པར་ངོས་འཛིན་གྱི་ཡོད་མ་རེད་། སྒྱུ་རྩལ་གྱི་དངོས་པོ་ཞིག་དང་། ཅ་ལག་གང་ཞིག་གདོད་མའི་དུས་ཀྱི་ཡིན་པར་ངོས་འཛིན་བྱེད་པ་དམིགས་བསལ་གྱི་ཤེས་ཡོན་དང་ཐབས་རྩལ་ཏེ། རྒྱ་སྐད་དུ་ཁའོ་གོའུ་ཞོའེ་ཟེར་བ་ལྟ་བུའི་རིག་སྒོ་ཞིག་སྦྱང་དགོས་ཀྱི་ཡོད་པ་རེད་། གནའ་རབས་ཀྱི་རྩོམ་རིག་ལ་དེ་འདྲའི་དམིགས་བསལ་གྱི་རིག་སྒོ་ཡོད་མེད་ཇི་ལྟར་ཡང་། རྩོམ་རིག་རང་ལ་སློབ་སྦྱོང་ཞིག་བྱས་པའི་ཤེས་ཡོན་ཙམ་ལ་བརྟེན་ནས་དེང་སང་གི་མིའི་ངག་ཐོག་ལ་ཁྱབ་པའི་གླུ་གང་རུང་ཞིག་ལ་མཛུབ་མོ་བཙུགས་ནས། དེ་དེང་སང་གི་མ་རེད་། དེ་ལོ་ངོ་སྟོང་ཕྲག་ཁ་ཤས་དང་ཁྲི་ཕྲག་ཁ་ཤས་ཀྱི་སྔོན་གྱི་རེད་། ཅེས་བཤད་ཆོག་པ་ཞིག་ཡིན་ལས་མི་ཆེ། མ་གཞི་གདོད་མའི་དུས་ཀྱི་རི་མོ་དང་ཅ་ལག་རྙེད་རྒྱུ་ཡོད་པ་བཞིན་དུ་རྩོམ་རིག་རྙེད་རྒྱུ་ཧ་ཅང་དཀའ་མོ་ཡིན་ཚོད་འདུག དེའི་རྒྱུ་མཚན་ནི་ཧ་ཅང་ལས་སླ་བོ་རེད་། རྩོམ་རིག་ནི་ངག་ཐོག་དང་ཡིག་ཐོག་ནས་མ་གཏོགས་ཉར་ཐབས་ཡོད་མ་རེད་། གདོད་མའི་དུས་ཀྱི་སྐད་འདོན་པའི་མགྲིན་པ་ཞིག་ད་བར་དུ་ཉར་མི་ཐུབ་པ་སྨོས་མེད་ཡིན། གདོད་མའི་དུས་ལ་ཡི་གེ་ཡོད་པའི་མིའི་སྤྱི་ཚོགས་ཡོད་མེད་ལ་ཡི་གེ་ཡོད་སྐབས་སྤྱི་ཚོགས་གང་ཞིག་གདོད་མའི་དུས་སྐབས་དང་ཁ་བྲལ་བ་ཡིན། རང་རེ་བོད་ལ་མཚོན་ན་ཡོངས་གྲགས་སུ་ཡི་གེ་ཡོད་ནས་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཙམ་མ་གཏོགས་སོང་ཡོད་པ་མ་རེད་། དེང་སང་ང་ཚོ་ཚང་མས་སླད་མ་ཞུགས་པའི་གནའ་རབས་ཀྱི་ཡིག་ཚང་དུ་ངོས་འཛིན་པའི་ཏུན་ཧོང་ཡིག་ཚང་ལྟར་ན་ཡང་། བཙན་པོའི་རྒྱལ་རབས་སུ་རྒྱལ་བློན་མཉམ་འཛོམས་ཀྱི་སྐབས་སུ་གླུ་ཟེར་བ་ཞིག་ལེན་རྒྱུ་ཡོད་ཀྱང་། དེ་ནི་དེང་སང་ཨ་མདོའི་ཁུལ་ན་སྟོན་ཐོག་ཏུ་ལེན་པའི་དཔེ་ཚིགས་བཅད་གཉིས་དང་། དཔེ་ཅན་ཚིགས་བཅད་གཅིག་ཅན་གྱི་གླུ་དེ་དང་གཏན་ནས་མི་འདྲ་། ཏུན་ཧོང་གཏེར་ཡིག་གི་གླུ་དེ་དག་ནི་ལེན་པ་པོས་དཔེ་ཅན་གཅིག་ལ་དཔེ་གང་མང་སྦྱར་ཆོག་ཅིང་། དཔེ་མེད་ན་དོན་དག་དམར་ལེན་གྱིས་བརྗོད་པར་འདོད་པའི་དོན་ཞིག་མ་རྫོགས་བར་བླང་ཆོག་པ་བཅས་རྩོམ་ལུས་ཀྱི་ཆ་ནས་དེང་སང་གི་གླུ་ལས་རང་དབང་ཆེན་པོ་ཡོད་། དེ་ལས་གལ་ཆེ་བ་ཞིག་ནི་ཏུན་ཧོང་ཡིག་ཚང་གི་གླུ་རྣམས་ནི་དེང་སང་ནང་བཞིན་སྤྲོ་བ་འཕེལ་བྱེད་ཁོ་ན་ཙམ་མ་ཡིན་པར་། སྐབས་འགར་ཁ་བརྡའི་ཚབ་དང་། སྐབས་འགར་རྒྱལ་སྲིད་གྲོས་བསྡུར་གྱི་ཚབ་ཏུ་ཡང་ལེན་གི་ཡོད་། སྐབས་འགར་དེ་ལ་དོན་དག་ངོ་མ་སྟེ། དཔེར་ན་རྒྱལ་སྲིད་ཀྱི་དོན་དག་ཐག་གཅོད་པའི་ནུས་པ་ཡང་ཡོད་། དཔེར་ན་བློན་པོ་མགར་གྱི་བུ་རྒྱུད་ལ་ཉེས་ཆད་ཕབ་པ་ཁྲི་སྲོང་འདུས་བཙན་གྱི་མགུར་ལས་6 ཐོན་ཡོད་ལ། ཞང་ཞུང་བོད་འོག་ཏུ་ལེན་དགོས་ཚུལ་སྲོང་བཙན་གྱི་སྲིང་མོ་སད་མ་ཀར་གྱི་མགུར་ལས་7 ཐོན་ཡོད་། ང་ཚོས་ཏུན་ཧོང་གཏེར་ཡིག་ལས་བྱུང་བའི་གླུ་དང་དེང་སང་གི་ཨ་མདོའི་གླུ་ལ་རགས་བསྡུར་ཞིག་བྱས་པ་ཙམ་གྱིས་གོང་གསལ་གྱི་ཁྱད་པར་ཆེན་པོ་དེ་འདྲ་མཐོང་ཐུབ། ཏུན་ཧོང་གི་གཏེར་ཡིག་ལས་བྱུང་བའི་མགུར་སྔ་ཤོས་ནི་གྲི་གུམ་བཙན་པོའི་སྐབས་ཀྱི་གཅིག་ཡོད་པ་དེ་ཡིན་པ་དང་། དེ་སྔ་རྩིས་ནས་བྱས་ན་ཡང་ལོ་ཉིས་སྟོང་ལྷག་ཙམ་གྱི་སྔོན་ལས་འགྲོ་མི་ཐུབ། ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་སྔ་ཕྱི་ལ་བྱུང་བའི་གླུ་ལ་འདི་ལྟར་ཁྱད་པར་ཡོད་ན། དེང་སང་གི་སྟོན་ཐོག་ན་ཐོས་རྒྱུ་ཡོད་པའི་སྲིད་པ་ཆགས་གླུ་སོགས་གདོད་མའི་དུས་ཏེ། ཉུང་མཐར་ཡང་ལོ་ངོ་བཞི་སྟོང་ལྷག་གི་སྔོན་གྱི་གླུ་རིགས་ཤིག་ཡིན་པར་བརྗོད་པ་འདི་ཁ་ཚོན་གཅོད་ཐལ་ཤོར་བ་མིན་ནམ་སྙམ། ཡིན་ན་ཡང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་མཁན་པོ་དག་གིས་ལྟ་བ་འདི་ལ་ཡིད་ཆེས་བརྟན་པོ་གནང་ཡོད་། དཔེར་ན། དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་རྣམ་གཉིས་ཀྱིས། “དེ་ནི་གདོད་མའི་སྙན་ངག་གམ་ཆེས་ཐོག་མའི་བོད་ཀྱི་སྙན་ངག་གི་རྣམ་པ་ཡིན་པར་སུས་ཀྱང་བསྙོན་དུ་མེད་སྙམ་། “8 ཞེས་གསུངས་འདུག ཁོང་ཚོས་ལྟ་བ་འདི་ལ་འདི་ལྟར་ཡིད་ཆེས་གནང་བའི་རྒྱུ་མཚན་ནི། ཁོང་ཚོས་གླུ་རིགས་འདི་ལས་གདོད་མའི་མི་རྣམས་ཀྱིས་འཇིག་རྟེན་ལ་ཤེས་རྟོགས་ཀྱི་ཆུ་ཚད་དམའ་བ་སྟེ། བྱིས་བློ་ཆ་ཞིག་ཐོན་ཡོད་པར་དགོངས་ཏེ། དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་རྣམ་གཉིས་ན་རེ། ངག་ཐོག་སྙན་ངག་དེ་དག་གིས་ “གདོད་མའི་མི་རྣམས་ཀྱི་བསམ་གཞིགས་ཀྱི་ཆུ་ཚད་དམའ་བ་” མཚོན་ཡོད་པ་དང་ “རང་བྱུང་ཁམས་ཆེན་པོའི་སྣང་ཚུལ་ལ་རྟོག་ཞིབ་དང་འགྲེལ་བཤད་བྱས་པ་དེ་དགོད་བྲོ་ཞིང་ད་ལྟའི་ཚན་རིག་གི་ལྟ་བ་དང་འགྲིག་མཐུན་མིན་པ་”9 དང་། གླུ་འདི་རིགས་ནི་གནའ་བོའི་བོད་མི་ “བློ་གྲོས་ནར་མ་སོན་པའི་གདོད་མའི་མིའི་བྱིས་བློ་ཁོ་ནར་གནས་པ་”10 ཡིན་པར་གསུངས་ཡོད་། མ་གཞི་གདོད་མའི་མི་རྣམས་ཀྱི་ཤེས་སྟོབས་དམན་དྲག་སྟེ། འཇིག་རྟེན་གྱི་སྣང་ཚུལ་ལ་བྱིས་བློའི་འགྲེལ་བཤད་རྒྱག་པ་བདེན་དུ་སྲིད་ཀྱང་། ཁོ་ཚོས་བྱ་སྐྱ་ཀའི་ཕོ་ཐོག་གི་དཀར་ཆ་དེ་སྲིད་པའི་བ་ཆུང་གི་ཚིལ་བརྐུས་པ་ལས་བྱུང་བ་དང་། བྱ་ལྕུང་ཀའི་མཆུ་ཏོ་དམར་པོ་དེ་སྲིད་པའི་བ་ཆུང་གི་ཁྲག་བརྐུས་པ་ལས་བྱུང་བ་11 ལ་ཡིད་ཆེས་ནས་ལེན་གི་ཡོད་པ་རེད་ཅེས་སུས་ཀྱང་ཁུངས་སྐྱེལ་ཐབས་མེད་པ་ཞིག་ཡིན། དེ་ལས་ཀྱང་སྙིང་རྗེ་མེད་པའི་དོན་དངོས་ཤིག་ནི། གོང་དུ་ཞུས་པ་ལྟར་གླུ་འདི་རིགས་དེང་སང་ཡང་ལེན་པ་དང་ཉན་བཞིན་ཡོད་། ང་ཚོས་གླུ་འདི་རིགས་ཐོས་པ་ནི་གདོད་མའི་མི་ཡི་ངག་ལས་ཐོན་པ་མིན་པར་དེང་སང་གི་མི་ཡི་ངག་ལས་ཐོས་པ་ཡིན། གོང་གི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཀྱི་མཁན་པོ་རྣམས་ཀྱིས་ད་ལྟའི་གླུ་རིགས་འདི་ཉན་ལེན་བྱེད་པའི་བོད་པ་རྣམས་གདོད་མའི་བྱིས་བློའི་དུས་སྐབས་ན་ཡོད་པར་ངོས་འཛིན་མི་སྲིད་། གདོད་མའི་མིས་གླུ་འདི་རིགས་རང་རང་གི་འཇིག་རྟེན་ལ་ངོས་འཛིན་ཚུལ་ཞིག་ཡིན་པའི་ངོས་ནས་བླངས་ཡོད་ན། དེང་སང་གི་མིས་ལོ་སྟོང་ཕྲག་མང་པོ་དང་ཁྲི་ཕྲག་མང་པོའི་རྗེས་སུ་ད་དུང་ལྟ་བ་དེ་འདྲའི་རྙིང་པ་གླུར་ལེན་འདུག་དོན་ཅི་ཡིན། གླུ་རིགས་འདི་གནའ་མི་རྣམས་ཀྱིས་རྒྱུ་མཚན་ཇི་འདྲ་ཞིག་ལ་བརྟེན་ནས་བླངས་ཡོད་ཚུལ་བཤད་དཀའ་ཡང་། དེང་སང་གླུ་འདི་རིགས་ཀྱི་ནང་དོན་ལ་ཡིད་ཆེས་ནས་ལེན་གི་འདུག་ཟེར་བ་ལས་གླུ་འདི་རིགས་ཀྱི་རྟོག་བཟོ་ཡི་བློ་རྩལ་ཡིད་དུ་འོང་ནས་གླུ་འདི་རིགས་ད་དུང་ཡང་ལེན་བཞིན་ཡོད་པ་འདྲ་ཞེ་ན་མིའི་རྣ་བར་འགྲོ་ལས་ཆེ། དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་རྣམ་གཉིས་ནས་གདོད་མའི་མི་ཡི་ཤེས་སྟོབས་ཞན་ན་དེ་དག་གི་སྒྱུ་རྩལ་གྱི་བློ་སྟོབས་ཀྱང་ཞན་དགོས་པ་གཞིར་བཞག་གིས་ “སྲིད་པའི་ཆགས་གླུ་སོགས་ཀྱང་ད་ལྟའི་སྙན་ངག་དང་བསྡུར་ན་བསམ་བློ་དང་སྒྱུ་རྩལ་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པ་ཞིག་མིན།” 12 ཞེས་གླུ་འདི་རིགས་ཀྱི་སྒྱུ་རྩལ་གྱི་ཚད་དམའ་བོ་ཞིག་ལ་ངོས་འཛིན་གནང་གི་འདུག་ཀྱང་། དངོས་གནས་བྱས་ན། འཇིག་རྟེན་ལ་ཤེས་རྟོགས་ཆེ་ན་སྒྱུ་རྩལ་གྱི་ཆུ་ཚད་མཐོ་བ་ཡང་ངེས་པ་མེད་དེ། འཇིག་རྟེན་ལ་ཤེས་རྟོགས་ཆེ་བའི་དེང་སང་གི་རྒྱ་མིའི་སྙན་ངག་དག་གིས་ཐང་རྒྱལ་རབས་ཀྱི་སྙན་ངག་གི་སྒྱུ་རྩལ་ལ་འགྲན་མི་ཐུབ་པ་དང་། དེ་བཞིན་དེང་སང་ཚན་རིག་ལ་མངའ་དབང་སྒྱུར་མཁན་གྱི་དབྱིན་ཇི་པས་ཁོང་ཚོའི་གནའ་མི་ཧྲེག་སི་པི་ཡར་གྱི་སྙན་ངག་དང་གཏམ་བརྗོད་ཀྱི་སྒྱུ་རྩལ་ལ་འགྲན་མི་ཐུབ་པ་ལྟ་བུ་ཡིན། ད་ལྟ་ང་ཚོས་གླེང་བཞིན་པའི་སྲིད་པ་ཆགས་གླུ་ལ་མཚོན་ན་། དེའི་སྒྱུ་རྩལ་གྱི་ཚད་ཁག་ཅིག་ལ་ནི་དེང་སང་གི་སྙན་ངག་གིས་འགྲན་དཀའ་བ་ལྟ་བུར་སྣང་། དཔེར་ན། བྱ་སྐྱ་ཀའི་ཕོ་ཐོག་གི་དཀར་ཆ་དང་སྲིད་པའི་བ་ཆུང་ཟེར་བ་ཞིག་ཡོད་པ་དེ་བཤལ་བའི་དུས་སུ་ཚིལ་ཅུང་ཙམ་ཞིག་བོར་དེ་གཉིས་སྦྲེལ་ཐུབ་པའི་སྒྱུ་རྩལ་གྱི་བློ་སྟོབས་ཅན་གྱི་སྙན་ངག་མཁན་ནི་གནའ་དེང་གཉིས་ཀར་ཧ་ཅང་དཀོན་པོ་ཡིན་ནོ། སྒྱུ་རྩལ་ཟེར་བ་དེ་ལ་གོ་དོན་རྒྱ་ཆེན་པོ་ཡོད་ངེས་ཀྱང་། གོ་དོན་གྱིས་ཆ་གལ་ཆེན་པོ་ཞིག་ནི་སྒྱུ་རྩལ་པའི་བློ་ཡི་རྟོག་བཟོའི་སྦྲེལ་སྟོབས་ལ་འབྲེལ་བ་ཡོད་དེ། དེ་ཡང་དངོས་ཡོད་འཇིག་རྟེན་དུ་རྩ་བ་ཉིད་ནས་འབྲེལ་བ་མེད་པའམ་འབྲེལ་མི་སྲིད་པའི་བྱ་དངོས་གཉིས་སམ་དུ་མ་རྟོག་བཟོས་གཅིག་ཏུ་སྦྲེལ་བ་མ་ཟད་། སྦྲེལ་ཚར་བ་གང་ཞིག་མི་རྣམས་ཀྱི་བློ་ངོར་འཇུག་བེད་བ་དང་། མི་རྣམས་ཀྱིས་མཚར་སྣང་གི་བློ་ཞིག་དང་བཅས་སུན་སྣང་མེད་པར་དེ་ཡང་ཡང་ཟློས་དགོས་པརའམ་བཤད་དགོས་པའི་སྐབས་དེར་སྒྱུ་རྩལ་གྱི་ནུས་མཐུ་ཞིག་ཐོན་པ་ཡིན། ད་ལྟ་ང་ཚོས་གླེང་བཞིན་པའི་སྲིད་པའི་སྒྲུང་གླུའམ་སྲིད་པ་ཆགས་གླུ་ཡང་སྒྱུ་རྩལ་གྱི་ནུས་པ་འདི་འདྲ་ཞིག་གིས་དེང་སང་གི་མི་རྣམས་ཀྱི་བློ་ངོར་འབྱར་ཡོད་ལས་ཆེ་སྙམ། འདིར་སྲིད་པ་ཆགས་གླུ་སོགས་བོད་ཀྱི་གདོད་མའི་སྙན་ངག་ཡིན་པའི་ལྟ་བ་འདི་ཕྲན་གྱི་བློ་ངོར་འཇུག་པོ་མ་བྱུང་བའི་རྒྱུ་མཚན་བཙལ་བའི་ཁུལ་གྱིས་གོང་གསལ་གྱི་གཏམ་རྣམས་བརྗོད་ན་ཡང་། ད་དུང་ཡང་སེམས་ན་རྡོག་རྡོག་ཅིག་ལྷག་ཡོད་པའི་ཚོར་སྣང་ཞིག་འདུག འོན་ཀྱང་ཅི་ཞིག་ལྷག་ཡོད་པ་ང་རང་གིས་ཀྱང་བཤད་མི་ཤེས། གཅིག་བྱས་ན་གོང་དུ་བརྗོད་པ་རྣམས་ནི་རྒྱུ་མཚན་ལྟར་སྣང་ཙམ་ལས་དེའི་ནང་དུ་རྒྱུ་མཚན་རྣལ་མ་ཞིག་མེད་ལས་ཀྱང་ཆེ། ད་དུང་བསམ་བློ་གཏོང་བར་མ་སུན་ན་ངས་མུ་མཐུད་དུ་བསམ་བློ་བཏང་སྟེ། རྒྱུ་མཚན་རྣལ་མ་རེ་རྙེད་སྙམ་ཤར་སྐབས་ཡར་སྐྱར་ཞུ་བར་བྱའོ། །