༄༅། །དཀར་ལ་གྲོང་ཚོ། གངས་ལྗོངས་ཀྱི་ཁམ་བུའི་སྐྱེད་ཚལ།

དབང་ཆེན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-26



        དཔྱིད་ཟླ་བཞི་པའི་གངས་ལྗོངས་ས་མཐོའི་སྐྱེ་དངོས་ཐམས་ཅད་གསོན་ཤུགས་རྒྱས་ཤིང་ག་ས་གང་དུ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་འབར།

        བོད་ལྗོངས་ཉིང་ཁྲིའི་ཆ་སྙོམས་ཀྱི་མཚོ་འཕགས་སྨི་3100ཟིན་པ་དང་། ཉང་ཆུ་གཙང་པོའི་འགྲམ་རྒྱུད་ཀྱི་རྒྱལ་ལམ་318འགྲམ་ངོགས་ཀྱི་རི་ངོས་སུ་ཁམ་བུའི་མེ་ཏོག་བཞད། དཀར་ལ་གྲོང་ཚོའི་གྲོང་མི་ཚོའི་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་གླེང་བཞིན་མཆིས།

        ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དཀར་ལ་གྲོང་ཚོར་བོད་ལྗོངས་ཀྱི་ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོ་ཞེས་པའི་མཚན་སྙན་ཡོད་པ་དང་། དེ་གར་རི་སྐྱེས་ཁམ་བུའི་སྡོང་པོ་1200ལྷག་ཙམ་ལས“མི་ཡུལ་གྱི་ཁམ་བུའི་སྐྱེད་ཚལ”མུའུ་270ལྷག་ཙམ་ཆགས་ཡོད་པ་རེད། ལོ་རེའི་ཟླ་གསུམ་པའི་ཟླ་སྨད་དུ་ཁམ་བུའི་མེ་ཏོག་བཞད་ཅིང་། མཛེས་སྡུག་ལྡན་པའི་ཁམ་བུའི་མེ་ཏོག་གིས་ཡུལ་གྱི་བཀོད་པ་ལྷུན་ཆགས་པའི་བོད་གྲོང་གི་མཐའ་བསྐོར་ཡོད་པར། དེ་གར་ཡུལ་སྐོར་ལྗོངས་རྒྱུ་ལ་ཕེབས་མཁན་རྒྱུན་མི་ཆད།

        2014ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་དེ་དཀར་ལ་གྲོང་ཚོར་འགོ་ཚུགས་པ་དང་། དེ་རྗེས་ལོ་རེར་སྒྲུབ་པའི་ཁམ་བུའི་མེ་ཏོག་དུས་ཆེན་གྱིས་ཡུལ་སྐོར་པ་མང་པོའི་ཡིད་དབང་འཕྲོག་ནས་དཀར་ལ་གྲོང་ཚོར་ཡུལ་སྐོར་དུ་ཡོང་བཞིན་ཡོད། ད་ལོའི་ཟླ་3པའི་ཚེས་28ཉིན། བོད་ལྗོངས་ཉིང་ཁྲིའི་སྐབས་ཉི་ཤུ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་འགོ་ཚུགས་ཤིང་། ཐེངས་འདིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་དུས་ཡུན་ཟླ་བ་གཅིག་ཙམ་རིང་སྤེལ་བ་དང། ཡུལ་སྐོར་པས་ཁམ་བུའི་མེ་ཏོག་གི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་པ་དང་ཆབས་ཅིག་དམངས་སྲོལ་ལུས་རྩལ་དང་ཤོག་སྦག་གི་འཁྲབ་སྟོན། ཁམ་བུའི་མེ་ཏོག་གི་རོལ་དབྱངས་དུས་ཆེན་སོགས་ཀྱི་ངོ་མཚར་བྱེད་སྒོར་ཞུགས་བཞིན་པ་རེད། དེ་བཞིན་ཁམ་བུའི་མེ་ཏོག་དུས་ཆེན་དེ་ཁམ་བུའི་མེ་ཏོག་ལ་བརྟེན་ནས་ཉིང་ཁྲིའི་ཐུན་མོང་མ་ཡིན་པའི་རིག་གནས་དང་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་མངོན་གྱི་ཡོད་པ་དང་། དཀར་ལ་གྲོང་ཚོ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་མེ་ཏོག་ལ་རོལ་སའི་ས་ཆ་ཡག་ཤོས་ཀྱི་གྲས་ཤིག་ཡིན་པ་རེད།

        ཁམ་བུའི་མེ་ཏོག་གི་དུས་ཆེན་བཙུགས་ནས་ཁམ་བུའི་མེ་ཏོག་གྲོང་ཚོ་དར་རྒྱས་གཏོང་། ཉེ་བའི་ལོ་ཤས་རིང་། “ཁམ་བུའི་མེ་ཏོག་གི་སྐྱེད་ཚལ”ལ་བརྟེན་ནས་ལྗོངས་རྒྱུའི་སྒོ་མོ་ཕྱེ་ཞིང་། དཀར་ལ་གྲོང་ཚོའི་གྲོང་མི་རྣམས་ཀྱི་ཡུལ་སྐོར་གྱི་ཡོང་འབབ་འཕར་ཡོད་དེ། བསྡོམས་རྩིས་ལྟར་ན། སྔོན་མའི་ལོ་གཉིས་ནང་དཀར་ལ་གྲོང་ཚོས་ཡུལ་སྐོར་པ་མི་ཐེངས་ཁྲི་17ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་590ལྷག་ཙམ་མངོན་འགྱུར་བྱུང་བ་དང་དུད་ཚང་རེར་ཆ་སྙོམས་ཁེ་བཟང་སྒོར་ཁྲི་13ལོན་འདུག

        དཀར་ལ་གྲོང་ཚོའི་འཕེལ་རྒྱས་ལས་2021ལོའི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་དེ་གར་གཟིགས་ཞིབ་གནང་སྐབས་དཀར་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཡིན་པ་དང་། གནས་འདི་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་བཞད་པའི་ས་ཆ་རེད”ཅེས་པའི་གདེང་འཇོག་ལ་ར་སྤྲོད་བྱས་དང་བྱེད་མུས་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1