རྔ་བ་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས།

བསོད་ནམས་སྐྱིད་ཀྱིས་བསྒྱུར། སྐལ་བཟང་ཚེ་བརྟན་གྱིས་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-26



རི་ཆུ་ནགས་གསུམ་གནམ་འོག་བརྒྱན། རྔ་བའི་སྐྱེ་ཁམས་དཔལ་ཡོན་མཛེས།

རྔ་བ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་སྐོར་གྱི་དངོས་བྲིས།

        རི་ཆུ་ནགས་གསུམ་ནི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་ཡིན་པ་དང་། རྩྭ་དང་རྩི་ཤིང་ནི་ཡིད་འོང་རྔ་བའི་བརྗོད་གཞི་ཡིན། ཉེ་བའི་ལོ་ཤས་རིང་། རྔ་བ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་མཛེས་སྡུག་ལྡན་པའི་སྐྱེ་ཁམས་རྔ་བ་རྫོང་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་།

སྐྱེ་ཁམས་ཀྱི་འགན་འཁྲི་འཁུར་ནས། སྐྱེ་ཁམས་ཀྱི་སྲུང་ཡོལ་བསྐྲུན་པ།

        ཆུ་ཆེན་གྱི་འགྲམ་དང་ཡངས་པའི་སྤང་ཐང་དུ་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར། བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་རྔ་བ་རྫོང་དུ་རི་སྐྱེས་སྲོག་ཆགས་རིགས་228དང་རྩི་ཤིང་རིགས་1154ཡོད་པའི་ཁྲོད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་16དང་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རིགས་64དང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་རྩི་ཤིང་རིགས་23ཡོད།

        སི་ཁྲོན་དུ་བཞུར་བའི་རྨ་ཆུའི་ཆུ་མགོ་རུ། ཆོས་རྗེ་མ་ཡུལ་ཚོ་བྱ་སྐོར་མ་གྲོང་སྡེའི་སྐོར་ཞིབ་པ་རེ་རེས་རྨ་ཆུ་ལུ་མར་སྐོར་ཞིབ་བྱེད་བཞིན་ཡོད་པ་དང་། ཁོང་གིས་གཙོ་བོར་ཆུ་ལམ་གྱི་རྒྱུན་གཏན་དོ་དམ་དང་བདག་སྐྱོང་དང་། ཆུ་ལམ་གྱི་གད་སྙིགས་གཙང་སེལ་སོགས་ཀྱི་འགན་འཁུར་ནས་གཟའ་འཁོར་རེར་སྐོར་ཞིབ་ཐེངས་གཉིས་བྱེད་བཞིན་པ་དང་ཉིན་ལྟར་ཁྱོན་ཡོངས་ལ་ཁྱབ་པའི་སྐོར་ཞིབ་བྱས་ཟིན་རྗེས་བདག་སྐྱོང་ཁུལ་དུ་ཆུ་ཚོད་10ཉེ་བར་སྡོད་དགོས་པ་རེད།

        རྔ་བ་རྫོང་གིས་སི་ཁྲོན་ནུབ་བྱང་གི་མཐོ་སྒང་གི་སྐྱེ་ཁམས་ཉམས་ཞན་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ། བྱེ་འགྱུར་གྱི་ས་ཞིང་བཅོས་སྐྱོང་སོགས་ཀྱི་རྣམ་གྲངས་ལག་ལེན་གཏིང་ཟབ་བྱས་ནས་མིའི་བཟོས་རྩྭ་མུའུ་ཁྲི་11.5དང་། རང་བྱུང་རྩྭ་ས་ལེགས་སྒྱུར་མུའུ་ཁྲི་35དང་། རྩྭ་ཐང་གི་བྱི་བ་དང་འབུའི་གནོད་འཚེ་མུའུ་ཁྲི་183དང་། བྱེ་འགྱུར་ས་ཞིང་བཅོས་སྐྱོང་མུའུ་ཁྲི་4.06དང་། གྲོང་གསེབ་ཀྱི་གསར་སྐྲུན་རྩྭ་སོན་རྟེན་གཞི་མུའུ་ཁྲི་0.6དང་། བརླན་སའི་སྔོ་ཁེབས་སླར་གསོ་མུའུ་ཁྲི་1.79དང་། རི་རྒོད་དུ་སྡོང་འཛུགས་མུའུ་ཁྲི་0.74དང་། རི་རྒྱ་ནགས་གསོ་མུའུ་ཁྲི་4.476བཅས་ལེགས་སྒྲུབ་བྱས་ལ། རྔ་བའི་རྫོང་ཁོངས་ཀྱི་རྨ་ཆུ་དང་དེའི་ཆུ་ལག་གི་སྐྱེ་ཁམས་འགོག་སྲུང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལས་བྱེད་པ་དང་མང་ཚོགས་1500ལྷག་རྩ་འཛུགས་བྱས་ཏེ་སྤྱི་ལེ་20.43གྱི་འགོག་སྲུང་ཁུལ་བསྐྲུན་པ་དང་རྒྱ་ཁྱོན་མུའུ་2685.41ཟིན་ཡོད།

        རྔ་བ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ཁ་ཕྱོགས་ལ་གཞིགས་ནས་རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ལ་སྲུང་སྐྱོང་གཙོ་བོར་འཛིན་པ་དང་། བཅོས་སྐྱོང་གཙིགས་སུ་འཛིན་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་བཅས་ཀྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ། རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་འབྱུང་གི་ཆུ་བོ་ཞིག་ཡིན་པས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་དམ་འཛིན་དང་གསར་སྤེལ་ཆེན་པོ་མི་བྱེད་པར་ནུས་ཤུགས་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གི་སྒོ་ནས་ལས་དོན་ལེགས་པོ་བསྒྲུབས་ཏེ་ནུས་ཤུགས་ཡོད་རྒུས་ཁྱིམ་གཞིས་གསར་པ་བསྐྲུན་པ་དང་རྣམ་པ་གསར་པ་མངོན་པར་བྱས།


སྐྱེ་ཁམས་ལ་བཅོས་སྐྱོང་བྱས་ནས། སྐྱེ་ཁམས་ཀྱི་རྨང་གཞི་བཏིངས་པ།

        ཉེ་བའི་ལོ་ཤས་རིང་། རྔ་བ་རྫོང་མཎྜལ་ཐང་བརླན་སའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་བརླན་སའི་སྲུང་སྐྱོང་བྱ་བར་ཤུགས་བསྣན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་སྐྲུན་བྱས་ཏེ་རྨོ་བསྐྱུར་བརླན་གསོ་དང་། ཆུ་འགྲམ་སླར་གསོ། འདབ་ཆགས་ཀྱི་བསྟི་གནས་སྒྱུར་བཀོད། སྡོང་འཛུགས་སྔོ་འགྱུར་སོགས་ཀྱི་བྱ་སྤྱོད་ཧུར་ཐག་གིས་སྤེལ་བས་གང་སར་མཛེས་སྡུག་གི་རི་མོ་རྣམ་པར་བཀྲ་ཡོད།

        རང་ས་རང་ཡུལ་ནས་འཚར་ལོངས་བྱུང་བའི་ང་ལ་མཚོན་ན། ཆེས་མྱོང་ཚོར་ཟབ་ཤོས་ནི་ཡུལ་འདིའི་སྐྱེ་ཁམས་ཁོར་ཡུག་མིག་མཐོང་ལག་ཟིན་གྱིས་ཇེ་ལེགས་སུ་ཕྱིན་པ་དེ་ཡིན་ཞེས་གཅའ་རོ་གྲོང་རྡལ་པད་མ་ལ་ཐང་གྲོང་སྡེའི་ཛམ་དཀར་སྐྱིད་ཀྱིས་ན་ནིང་དབྱར་ཁ་ཁྱིམ་མི་དང་མཉམ་པོར་སྲུང་སྐྱོང་ཁུལ་དུ་རྩྭ་ལ་ལུད་རྒྱག་པའི་མིང་ཐོ་བཀོད་པ་དང་ཁོམ་ལོང་གི་དུས་ཚོད་སྤྱད་དེ་ཁེ་སྤོགས་བླངས་ནས་ཁྱིམ་སྤྱོད་ལ་ཁ་གསབ་བྱེད་བཞིན་ཡོད། མོས་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ནི་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོང་བྱས་པ་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད་པར་འདོད།

        2022ལོར་རྔ་བ་རྫོང་མཁར་གྱི་མཁའ་དབུགས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆ་100ཟིན་པ་དང་། གཅིག་སྡུད་རྣམ་པའི་བཏུང་ཆུའི་ཆུ་མགོ་དང་ས་ངོས་ཀྱི་ཆུའི་སྤུས་ཚད་ལོན་ཚད་བརྒྱ་ཆ་100ཟིན་པ། རང་བྱུང་རྩྭ་ཐང་མུའུ་ཁྲི་19ཇེ་ལེགས་སུ་བཏང་བ་དང་། བྱི་བ་དང་འབུའི་གནོད་འཚེ་མུའུ་ཁྲི་60འགོག་བཅོས་བྱས་པ། ལུག་འཇལ་བྱེད་དུ་བརྩིས་པའི་སྒོ་ཕྱུགས་ཀྱི་ཁ་གྲངས་ཁྲི་18ཙམ་ཉུང་དུ་བཏང་བ། ཕྱུགས་རིགས་ཀྱི་ཤོང་ཚད་ལས་བརྒལ་ཚད་བརྒྱ་ཆ་4.52བར་ཆག་པ་བཅས་རེད།

སྐྱེ་ཁམས་ཀྱི་ལམ་བུར་བསྐྱོད་དེ། སྐྱེ་ཁམས་ཀྱིས་ཕྱུག་འགྱུར་བྱེད་པ།

        ཉེ་བའི་ལོ་ཤས་རིང་། རྔ་བ་རྫོང་གིས་སི་ཁྲོན་ནུབ་བྱང་གི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་དམིགས་ནས་སྐྱེ་ཁམས་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས་ལྗང་མདོག་དཔལ་འབྱོར་དེ་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་བསྐྱོད་ཐུབ་པ་བྱུང་།

        ཤེས་རྟོགས་བྱུང་བར་གཞིགས་ན། རྔ་བ་རྫོང་ནས་དེང་རབས་ཞིང་ལས་གླིང་ཁུལ་གྱིས་དུད་ཚང་200ལྷག་གི་ས་ཞིང་འཁོར་རྒྱུག་མུའུ་3000ལྷག་བྱས་པ་དང་ལོ་ལྟར་གྲོང་མིར་བོགས་དངུལ་སྤྲོད་བཞིན་ཡོད་པ་དང་ཆབས་ཅིག་མི་ཐེངས་800ཡི་ལས་གནས་ཀྱང་མཁོ་འདོན་བྱས་ཡོད། སྐྱེ་ཁམས་ལེགས་པོ་ནི་མ་རྩ་ཡིན་པ་དང་། མཛེས་སྡུག་གི་ཁོར་ཡུག་ནི་རྒྱུ་ནོར་ཡིན། ད་བར་རྔ་བ་རྫོང་གིས་སྐྱེ་ཁམས་ཐོན་ལས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་བཏང་སྟེ་སྐྱེ་ཁམས་ལ་བརྟེན་ནས་མི་དམངས་ཕྱུག་འགྱུར་ཡོང་བར་བྱས།

        དེ་དང་ཆབས་ཅིག་སྐྱེ་ཁམས་དམངས་ཕན་དང་། སྐྱེ་ཁམས་དམངས་ཁེ། སྐྱེ་ཁམས་དམངས་དོན་བཅས་མཐའ་འཁྱོངས་ཀྱིས་རྔ་བ་རྫོང་གིས་ད་དུང་སྐྱེ་ཁམས་རྣམ་གྲངས་ཀྱི་ཨར་སྐྲུན་ཁེ་ལས་ལ་ས་གནས་ཀྱི་ངལ་རྩོལ་ནུས་ཤུགས་བསྡུ་ལེན་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་ཧུར་ཐག་བྱས་ནས་རོང་འབྲོག་པའི་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་བཏང་། 2019ལོ་ནས་བཟུང་། སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་མི་ཐེངས་9742གདམ་གསེས་གདན་ཞུ་བྱས་པ་དང་། ངལ་ནུས་ཐོབ་ཆ་སྒོར་ཁྲི་9739ཟིན་པ། ཐུན་མོང་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་མ་དངུལ་སྒོར་ཁྲི་637.9དོན་འཁྱོལ་བྱས།

        དེང་སང་། རྔ་བའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དེ་འཆར་འགོད་ནས་དོན་དངོས་སུ་གྱུར་ཡོད་ལ། སྐྱེ་ཁམས་མཛེས་པ་དང་། ཐོན་ལས་ལེགས་པ། མང་ཚོགས་ཕྱུག་པ་བཅས་ཀྱི་མཛེས་ཤིང་སྡུག་པའི་རྔ་བའི་རྣམ་པ་གསར་པ་ཞིག་རིམ་བཞིན་མངོན་བཞིན་ཡོད་པས། མ་འོངས་པར། རྔ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་དང་སྤུས་ཚད་མཐོན་པོའི་འཕེལ་ཕྱོགས་སུ་བསྐྱོད་པའི་གོམ་སྟབས་སྔར་བས་བརྟན་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1