ཞོགས་པའི་ཅོང་བརྡ་རྣ་བར་འཇེབས་ཚེ་མལ་སྟན་དྲོ་ཡང་ཡར་ལ་ལངས། །
ལས་རེས་དགེ་རྒན་སྒོ་ལ་ཐོན་ཚེ་ཞོགས་པའི་དུས་ཚོད་དྲུག་ཕྱེད་ཡིན། །
ཞོགས་པའི་སློབ་ཚན་བློ་ལ་སྦྱར་ཚེ་ཤེས་རབ་ཞན་རུང་ཡིད་ལ་འཇགས། །
རྨི་ལམ་ལྷ་མོ་མཁའ་ལ་ཡལ་དུས་ཞོགས་པའི་མཁའ་དབུགས་འདི་འདྲ་ཡིན། །
ཉི་མའི་ཟེར་ལ་སྨུག་སྤྲིན་ཆིབས་ཏེ་རྒྱ་ཕིབས་རྩེ་མོ་འཁྱུད་ལུགས་དང་། །
ལྗོན་པའི་ཡལ་གར་བྱིའུ་ཆུང་རྩེན་ཏེ་སྐྱེད་ཚལ་ར་བ་བརྒྱན་ལུགས་སོགས། །
ལྷ་ཡུལ་མིན་ཀྱང་ལྷ་ཡུལ་ཟེར་ན་འདི་ལས་གཞན་པ་ཨེ་ཡོད་ཅེས། །
རང་ལ་རང་གིས་ལབ་ཐེངས་རེ་རེར་དགའ་བའི་བསྟོད་ཚིག་དབང་མེད་འཆོར། །
གྱང་ངོས་བཀལ་བའི་དུས་ཚོད་བལྟས་པས་བདུན་དང་སྐར་མ་ལྔ་བཅུ་རེད། །
འོ་ཇ་དཀར་པོ་འབྲི་མར་སེར་པོ་སྦྲང་དཀར་རྩམ་པ་འོ་ཕྱུར་ཏེ། །
ཁ་བ་བོད་ཀྱི་ཁྱད་ལྡན་ཟས་དང་དེང་རབས་ཞོགས་ཟས་ཚད་ལྡན་སོགས། །
གང་དགོས་ཡིད་ལ་ཅི་འདོད་འཇོ་བའི་གསོལ་ཁང་དྭངས་མོར་འགྲོ་རན་སོང་། །
འགྲངས་པའི་ལྟོ་བ་བྱིལ་བྱིལ་བྱས་ཏེ་སྦྱང་བའི་དཔེ་དེབ་མཆན་ལ་བཀུར། །
འགྲིས་པའི་གྲོགས་ལ་ཁམས་བདེ་ཞུས་ཏེ་ཁོད་སྙོམས་སློབ་ཁང་ནང་དུ་འཛུལ། །
དགེ་བའི་བཤེས་ལ་གུས་ཕྱག་ཞུས་བཞིན་གཙང་མའི་གདན་ལ་དལ་གྱིས་བསྡད། །
དེབ་ཀྱི་ཞལ་ངོ་ཕྱེ་བ་མཉམ་དུ་དུས་ཚོད་བརྒྱད་དང་ཕྱེད་ཀ་རེད། །
ཁྲིམས་ལུགས་སྐད་ཡིག་ལུས་རྩལ་ལ་སོགས་སློབ་ཚན་སྦྲང་ཆར་སིལ་མ་ཡིན། །
མ་ཁེ་སི་སོགས་མཚན་ཉིད་ལྟ་བའི་སློབ་ཚན་སྐྱེད་ཚལ་མེ་ཏོག་ཡིན། །
དབུ་ཕར་ཚད་སོགས་ནང་དོན་རིག་པའི་སློབ་ཚན་ཟེའུ་འབྲུའི་ཕུང་པོ་ཡིན། །
གང་འདོད་དེ་ལ་ཅི་འདོད་གནང་བའི་སློབ་གླིང་ཡིད་བཞིན་ནོར་བུ་ཡིན། །
འགྲོས་དང་མཐུན་པའི་སློབ་ཚན་བཀོད་སྒྲིག་ཁྱད་ཆོས་འབུམ་གྱིས་ཁེངས་ནས་ཡོད། །
ཀུན་དང་མཐུན་པའི་སློབ་མའི་གཤིས་སྤྱོད་ཡོན་ཏན་འབུམ་གྱིས་ཕྱུག་ནས་ཡོད། །
ཀུན་ལས་ལྷག་པའི་དབུ་ཁྲིད་དགེ་རྒན་ལྷག་བསམ་འབུམ་གྱིས་འཚོས་སྟེ་ཡོད། །
ཨེ་མ་ངོ་མཚར་སློབ་གླིང་འདི་འདྲ་ང་ཡིས་ད་བར་མ་མཇལ་ལོ། །
གྲོ་མ་མར་ཁུ་ཤ་ཚིལ་ཕོ་ལོག་ཚོད་མའི་གྲངས་ཀ་མང་མང་ལས། །
ངང་ལག་སེར་པོ་རྒུན་འབྲུམ་དམར་པོ་སིལ་ཏོག་སྣ་ཁ་མང་མང་ལས། །
སྐར་ལྔའི་ཟ་ཁང་ཆ་རྐྱེན་ལའང་འདི་ལས་ལྷག་པ་མེད་སྙམ་ཞོར། །
རང་ཉིད་དགའ་བའི་ཁ་ཟས་འདེམས་ཚེ་ཉིན་གུང་དུས་ཚོད་བཅུ་གཉིས་ཡིན། །
ཅུང་ཙམ་ལུས་ལ་ངལ་གསོ་རྒྱག་དགོས་གཉིས་དང་ཕྱེད་ལ་སློབ་ཁྲིད་ཡོད། །
ཡུད་ཅིག་རིག་པ་རྣལ་དུ་ཕབ་དགོས་ལྔ་པའི་ཐོག་ཏུ་རྩོད་པ་ཡོད། །
རྒྱུན་དུ་སྦྱོང་བརྩོན་འདུ་བྱེད་མང་དགོས་འདི་མིན་བྱ་བ་འདི་ན་ཉུང་། །
བསམ་ཞིང་བསམ་ན་འདི་འདྲའི་སྐལ་བ་བསོད་ནམས་བསགས་པའི་འབྲས་བུ་འདྲ། །
གཟན་ཤམ་དམར་པོ་རླུང་གིས་བསྐྱོད་པའི་རིགས་ལམ་ཐལ་སྒྲ་གློར་བུར་འཇགས། །
ངན་ལང་ཤོར་བའི་དྲི་འཛིན་བུ་མོ་བཀལ་ཐུག་བྲོ་བའི་རྗེས་སུ་བྲོས། །
ཅི་ཡིན་སྙམ་ཚེ་དུས་ཚོད་དྲུག་རེད་དགོང་ཟས་ཟ་བའི་དུས་ལ་སླེབས། །
ཞིམ་མངར་ལྡན་པའི་གསོལ་ཁང་ནང་དུ་ཁ་ཆུ་འབབ་བཞིན་ག་ལེར་སོང་། །
ཀུན་གྱི་གཞི་མ་བདེ་ཐང་ཡིན་ན་བདེ་ཐང་ཆེད་དུ་ལུས་སྦྱོང་བྱ། །
ལུས་སྦྱོང་དགོས་ན་ཆ་རྐྱེན་ཡོད་དགོས་དེ་ཡང་སློབ་གླིང་འདི་ན་འཛོམས། །
ང་དང་གྲོགས་པོ་ལུས་སྦྱོང་སོང་ཞིང་གླུ་དབྱངས་འགའ་ལ་ཉན་པ་ཡང་། །
བདེ་བའི་ནང་གི་བདེ་བ་འདི་འདྲ་ཕལ་པའི་མི་ལ་ཡོད་རབས་མེད། །
བཟང་བའི་ཀུན་སྤྱོད་ང་ལ་ཞན་རུང་ལྷག་བསམ་དབུ་ཁྲིད་བཀའ་དྲིན་ཆེ། །
མདུན་ལམ་རིང་མོ་འདི་ན་རྙེད་པའི་ཞེ་བློ་འདི་ཡང་འདི་ན་བདེ། །
ལྷན་སྐྱེས་ཤེས་རབ་ང་ལ་དབེན་རུང་མཚན་ལྡན་དགེ་རྒན་བཀའ་དྲིན་ཆེ། །
མི་ཚེའི་རིན་ཐང་འདི་ན་རྙེད་པའི་འཚོ་བ་འདི་ཡང་འདི་ན་སྐྱིད། །
ཉི་མའི་འོད་ཟེར་ཕག་ཏུ་ཡིབ་སྟེ་གློག་འོད་བཀྲགས་མདངས་ཇེ་ཆེར་སོང་། །
ས་དགེ་བཀའ་རྙིང་ཇོ་ནང་བོན་པོ་རང་རང་སློབ་ཁང་བྱོན་ནས་ཐལ། །
ཉིན་གཅིག་དགེ་བ་གཞན་ལ་བསྔོས་པའི་ཆོས་སྒྲ་སྙན་པོ་གྱེར་བ་ན། །
དགོང་མོའི་དུས་ཚོད་བདུན་དང་ཕྱེད་རེད་དུས་ཚོད་དམ་འཛིན་ཅི་འདྲའི་ཡག །
དམར་ཆུང་སེམས་ལ་རྒྱག་ཕྱེ་སྦྱིན་པའི་མ་ཡུམ་སློབ་གྲྭ་ཇེ་མཛེས་མཛེས། །
རིན་ཆེན་ལུས་ལ་གོ་ཁྲབ་གནང་བའི་དགེ་བའི་ཚོགས་ལ་ཇེ་དད་དད། །
ཡུན་རིང་འགྲོགས་པའི་ཞེན་ཆགས་རྣམ་ཤེས་ཁོར་ཡུག་འདི་ལ་ཇེ་འཁོར་འཁོར། །
མིག་གཉིས་བཙུམ་ནས་ཡུད་གཅིག་བསམ་ན་བཀའ་དྲིན་འཁོར་ཐབས་ག་ན་ཡོད། །
སྒོ་ཐེམ་འགྲམ་གྱི་སྒོ་རྩིས་ཁང་དུ་སྒོར་མོ་གཅིག་གི་ཉོ་ཚོང་རྒྱབ། །
སྐས་ཐེམ་འགྲམ་གྱི་སྐམ་འཁྲུད་ཁང་དུ་རྐང་པ་གཉིས་ཀྱི་རྐང་ཤུབས་ཁྲུས། །
སྤང་ཐེམ་འགྲམ་གྱི་དཔེ་མཛོད་ཁང་དུ་སྡེ་སྣོད་གསུམ་གྱི་དཔེ་ཆ་ཀློག །
ཟླ་འོད་འོག་གི་འཚོ་སྟངས་འདི་འདྲ་ཟླ་བའི་ལྷ་མོ་ལ་ཡང་མེད། །
ཁྲུས་ཁང་ཆབ་ཁང་ཟུར་ན་འཛོམས་པའི་གཟིམ་ཁྲི་སྐྱིད་པོ་འདི་ན་ཡོད། །
ཐ་ན་སོ་འཁྲུད་འདག་ཆལ་ལ་སོགས་ཆ་རྐྱེན་ཅི་དགོས་འདི་ན་ཡོད། །
དག་གཙང་སྡོད་ཤག་ཀུན་འཛོམས་འདི་རུ་དར་ཅིག་ངལ་བ་གསོ་སྙམ་སྟེ། །
གློག་གི་སྒྲོན་མེ་གཟིམ་པར་ཞུ་དུས་དགོང་མོའི་དུས་ཚོད་བཅུ་ཕྱེད་རེད། །
རྨི་ལམ་དུ་ཡང་ཉམས་དགའི་གླིང་འདི་ལན་གཅིག་མ་ཡིན་ཐེངས་མང་རྨིས། །
རྨིས་ཐེངས་རེ་རེར་ལུས་སེམས་བདེ་དགའ་ངག་ནས་བརྗོད་ཀྱིས་མི་ལང་བ། །
ད་ནི་མང་པོ་འབྲི་བར་མི་བྱ་མདོར་ན་མ་ཡུམ་སློབ་གླིང་ནི། །
ཁོག་པའི་སྙིང་དང་དཔྲལ་བའི་མིག་ཡིན་དེ་བཞིན་བཀུར་ཞིང་དེ་བཞིན་གཅེས། །