བྱང་ཐང་ཡུལ་དུ་མི་རིགས་མཐུན་སྒྲིལ་གྱི་མཚར་སྡུག་མེ་ཏོག་རྣམ་པར་བཞད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-03


བྱང་ཐང་ཡུལ་དུ་མི་རིགས་མཐུན་སྒྲིལ་གྱི་མཚར་སྡུག་མེ་ཏོག་རྣམ་པར་བཞད།

ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་སྐོར་བཀོད་པ།

འདི་ནི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སྙན་རོང་གྲོང་རྡལ་གྱི“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད”ཅེས་པའི་བྱེད་སྒོར་བོད་རིགས་མང་ཚོགས་དང་ཧུད་རིགས་མང་ཚོགས་ཀྱིས་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་སྟངས་སྤེལ་རེས་བྱེད་བཞིན་པ།

འདི་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཆུས)འཛུགས་གཏོད་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་སྐབས་སོག་རྫོང་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་བྱེད་པས་སྲོང་བཙན་སྒམ་པོ་དང་འུན་ཤིང་ཀོང་ཇོའི་གཏམ་རྒྱུད་འཁྲབ་བཞིན་པ།

འདི་ནི་ཏང་ཡོན་ལས་བྱེད་པས་ཁྲོམ་གཞུང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ནང་དོན་དྲིལ་བསྒྲགས་བྱེད་བཞིན་པ།

འདི་ནི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་རིག་གནས་སྤེལ་རེས་ཚོགས་པ་ཨན་ཧྲན་གྲོང་ཁྱེར་དུ་བསྐྱོད་ནས“སེ་འབྲུའི་རྡོག་ལྟར་གཅིག་ཏུ་བསྒྲིལ། འབྱོར་འབྲིང་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རིམ་སྤེལ་བྱེད་སྒོ་སྤེལ་བཞིན་པ།

        ཟླ་5ཚེས་3ཉིན་གྱི་དགོང་མོའི་ཆུ་ཚོད་8པར་རྒྱལ་ས་པེ་ཅིང་དུ་དམིགས་བསལ་གྱི་ལེ་ཚན《དུས་རབས་གསར་པར་མཐུན་སྒྲིལ་འབད་འབུངས་བྱེད—རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་ཁག་བཅུ་པར་སྒོ་བྱང་སྤྲོད་པའི་བྱེད་སྒོ》ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་བསྟན་པ་རེད།

        མཚན་མོའི་བྱང་ཐང་ནས་གློག་སྒྲོན་ཁྲ་ཆིལ་ཆིལ་ངང་འཚེར་ཞིང་། བར་སྣང་གི་སྐར་ཚོགས་དང་མཉམ་དུ་ཡུལ་དེ་གའི་འཚོ་བའི་ཉམས་བཟང་མངོན། མི་རྣམས་བརྙན་འཕྲིན་གྱི་མདུན་དུ་མི་སེམས་འགུལ་བའི་དུས་འདི་བསྒུགས་ནས་བསྡད་ཡོད་པ་རེད།

        གཙོ་སྐྱོང་བས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ་དང་། ཀྲོའུ། མོང་།)ཁག་བཅུ་པའི་འཐུས་ཚབ་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར……”ཞེས་ངོ་སྤྲོད་བྱེད་སྐབས་པེ་ཅིང་དུ་བསྐྱོད་ནས་བྱེད་སྒོར་ཞུགས་མཁན་གྱི་འཐུས་མི་དང་བོད་བྱང་ཐང་གི་མི་རིགས་ཁག་གི་བུ་ཕྲུག་རྣམས་ཀྱི་སེམས་ནང་དགའ་སྤྲོ་རབ་ཏུ་འཕེལ་ཞིང་གཟི་བརྗིད་ཀྱི་སྣང་བ་ཟབ་མོ་བྱུང་།

        ལེ་ཚན་གཏོང་ཡུལ་དུ་ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་མོང་གིས་སྤྲོ་སྣང་ཆེན་པོའི་ངང“མི་རབས་རེར་མི་རབས་རེའི་ལས་འགན་ཡོད། ང་ཚོའི་ཕ་མེས་ཚོས་དཀའ་སྤྱད་འབད་འཐབ་བྱས་ཏེ‘ལམ་གཉིས’ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་བོད་འདི་ཉིད་རིམ་བཞིན་དར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་ཡོད། བོད་ཀྱི་མི་རབས་གཉིས་པ་དང་བོད་ཀྱི་མི་རབས་གསུམ་པ་ཡིན་པའི་ང་ཚོས་རྒན་རབས་ཚོའི་ས་ནས་མཐུད་རྒྱུག་དབྱུག་པ་རྩིས་ལེན་པ་གཟི་བརྗིད་ལྡན་ལ་འགན་འཁྲི་གལ་ཆེན་ཡིན་པ་གཏིང་ཟབ་ཚོར་བྱུང་། ང་ཚོས་སྒྲུབ་ཐུབ་པའི་ལས་ལ་ཕྱིར་བཤོལ་མི་བྱེད་པ་དང་སེམས་ནུས་ཡོད་རྒུ་བཏོན་ནས་ནག་ཆུའི་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཕ་ཡུལ་འཛུགས་སྐྲུན་སྔར་བས་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།

        ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི་50ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་སྣེ་ཁྲིད་འོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ནག་ཆུ་གསར་པ་བསྐྲུན་པའི་ནང་དོན་གལ་ཆེན་དུ་རྒྱུན་སྲིང་ལྷོད་མེད་ངང་བརྩི་བ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་དུས་བབ་བཟང་པོ་བཏོད་པར་བརྟེན། བྱང་ཐང་ཡུལ་དུ་མི་རིགས་མཐུན་སྒྲིལ་གྱི་མཚར་སྡུག་མེ་ཏོག་རྣམ་པར་བཞད་ཡོད།

        མི་རིགས་མཐུན་སྒྲིལ་གྱི“སེམས་པ་གཅིག་མཐུན”བྱུང་།

        “2022ལོར‘གྲོང་གསེབ་དར་རྒྱས། ནག་ཆུ་ཡར་རྒྱས’ཞེས་པའི་བྱེད་སྒོ་སྤེལ་འགོ་བཙུགས་པ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། དགོན་སྡེའི་གྲྭ་བཙུན། ལོ་ཆུང་སློབ་མ་བཅས་སྒྲིག་འཛུགས་བྱས་ཏེ་བརྗོད་དོན་གཙོ་བོ་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་དང་མཉམ་འདྲེས་ཀྱི་རིག་གནས་རོལ་རྩེད་བྱེད་སྒོ་དང་རྩལ་ནུས་སོགས་ཀྱི་འགྲན་བསྡུར་སྣ་ཚོགས་རྒྱ་ཁྱབ་སྤེལ་ཞིང་། ཏང་དང་མང་ཚོགས་དང་དེ་བཞིན་མང་ཚོགས་དང་ལས་བྱེད་པའི་དབར་གྱི་འབྲེལ་བ་ཟབ་ཏུ་བཏང་ནས་རྒྱ་ཆེའི་མང་ཚོགས་ལ་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། བསྡོམས་རྩིས་ལྟར་ན། གྲོང་ཁྱེར་ཡོངས་ཀྱིས་འགྲན་བསྡུར་དཔྱད་བསྡུར་གྱི་བྱེད་སྒོ་ཐེངས་ཁྲི་1.3ལྷག་ཙམ་སྤེལ་བར་མི་ཐེངས་ཁྲི་26འགྲན་བསྡུར་ནང་ཞུགས་པ་དང་། མང་ཚོགས་མི་ཐེངས་ཁྲི་150ལྷག་ཞུགས་ཡོད”ཅེས་ནག་ཆུ་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་གྲོང་ཁྱེར་མི་རིགས་ལས་དོན་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཆིན་ལིན་གྱིས་བརྗོད་ཅིང་། ཁོང་གིས། བྱེད་སྒོ་འདིས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། དུས་རབས་གསར་པར་བསྟོད་གླུ་ལེན་པ། རྒྱང་ལམ་གསར་པར་ཧུར་ཐག་སྐྱོད་པ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་བ་མ་ཟད། ནག་ཆུའི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་ཆོད་སེམས་དང་། བསམ་བློ་བཅིངས་འགྲོལ། འདུ་ཤེས་སྒྱུར་བ། ཤེས་དཔལ་ཡར་བརྩོན། ལས་བརྩོན་ཕྱུག་འགྱུར་བཅས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་ཞིང་། རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། སྐྱོན་བྲལ་ཉམས་ལེན་སོགས་ཀྱི་ཞུམ་མེད་འབད་བརྩོན་གྱི་རིན་ཐང་འདུ་ཤེས་མཚོན་པ་རེད།

        བྱེད་སྒོ“སེམས་སྒྲིལ”དང་རིག་གནས“བློ་སྦྱོང”

        གསར་འགོད་པ་དང་བཅས་པ་སྦྲ་ཆེན་རྫོང་གླ་ཤི་གྲོང་རྡལ་ལྷས་དམར་ཐང་གྲོང་ཚོའི་སྤུས་དག་གི་བཞུགས་གནས་སུ་སྐྱོད་སྐབས། ལམ་རྒྱུད་ཧྲིལ་པོར་བྱང་ཐང་གི་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་འཚོལ་བཞིན་སྙིང་སྟོབས་ཀྱི་སྟོབས་ཤུགས་ཀྱིས་མི་རབས་མང་པོར་ཤུགས་རྐྱེན་ཟབ་མོ་གང་འདྲ་ཐེབས་ལུགས་མྱོང་ཚོར་བྱས་པ་ཡིན།

        “སྤུས་དག་གི་སྙིང་སྟོབས་ནི་དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་གཅིག་སྡུད་མཚོན་ཚུལ་ཞིག་ཡིན་ལ། སྦྲ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོ་སྤུན་ཉེ་བཞིན་བརྩེ་བ་དང་། ལྟ་རེས་སྐྱོང་རེས། ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་བྱེད་པའི་བསམ་པའི་གཞི་རྟེན་རེད”ཅེས་སྦྲ་ཆེན་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧྥེང་ཧྲུའོ་གོ་ཡིས་བརྗོད་ཅིང་། ཁོང་གིས། སྤུས་དག་གི་བཞུགས་གནས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་ཡིད་དབང་བཀུག་ནས་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་གི་ཡོད། ལོ་རེ་བཞིན་སྤུས་དག་གི་བྱས་རྗེས་སྒྲོག་འགྲེལ་ཐེངས་150ལྷག་ཙམ་བྱེད་པ་དང་སློབ་གསོ་ཐེབས་པའི་མི་གྲངས་མི་ཐེངས་3000ལྷག་ཙམ་ཟིན་ནས་སྦྲ་ཆེན་རྫོང་གི་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཅས་ཀྱི་གཞི་རྟེན་གལ་ཆེན་དུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

        འགྲེམས་ཁང་རེ་ནི་སྙིང་སྟོབས་རེ་དང་གཡུལ་ས་རེ་ཡིན་ཞིང་། ནག་ཆུ་གྲོང་ཁྱེར་གྱིས་རིག་གནས་གཡུལ་ས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་རིག་གནས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁྲག་རྒྱུན་གཏོད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཆེ་རུ་བཏང་ནས་མི་རིགས་ཁག་མཐུན་སྒྲིལ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

        མི་རིགས་མཐུན་སྒྲིལ་གྱི“སེ་འབྲུའི་རྡོག་པོ”སྐྱེད་སྲིང་བྱེད།

        ནག་ཆུ་དེ་ཉིད་མཚོ་བོད་ས་མཐོའི་དབུས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་ཞིང་། དེར་རྒྱ་རིགས་དང་། བོད་རིགས། ཧུད་རིགས། ས་ལ་རིགས། ཡུ་གུར་རིགས། སོག་རིགས་སོགས་མི་རིགས་34མཉམ་དུ་བསྡད་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་ལས་ཀ་བྱེད་པ་དང་། མཉམ་དུ་འཚོ་བ་སྐྱེལ་བ། ཕན་ཚུན་གཅིག་ལ་གཅིག་བརྟེན། ཕན་ཚུན་བརྩི་འཇོག ཞི་མཐུན་མཉམ་གནས། ལྟ་རེས་སྐྱོང་རེས་བཅས་བྱས་ནས“ཁ་འབྲལ་ཐབས་མེད་པ་གསུམ”གསོན་ཉམས་དོད་པོས་མཚོན་པར་བྱས་པ་རེད།

        ནག་ཆུ་གྲོང་ཁྱེར་དམངས་ཕན་ཟོག་འགྲེམས་ཚད་ཡོད་ཀུང་སིར་ད་ཆ་ཁ་ལོ་བ་201ཡོད་པའི་ནང་རྒྱ་རིགས་16དང་། བོད་རིགས་184 ཧུད་རིགས་1བཅས་ཡོད། ཉིན་ལྟར་དམངས་ཕན་ཟོག་འདྲེན་རླངས་འཁོར་20ལྷག་ཙམ་ལྗོངས་ཕྱི་ནང་གི་ཟོག་འདྲེན་ལམ་ཐིག་མང་པོར་བཏང་བས་ལོ་རེར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་300ལྷག་ཙམ་ཟིན་གྱི་ཡོད། ཀུང་སི་དེས་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་དང་གཅིག་སྡུད་སློབ་གསོ་ཟུང་འབྲེལ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཀྱི་བྱེད་སྒོ་སྣ་ཚོགས་གཞི་རྟེན་དུ་བྱེད་པ་དང་། ཞི་མཐུན་མཐུན་སྒྲིལ་གྱི་ཁེ་ལས་ཀྱི་རིག་གནས་ལ་བརྟེན་ནས་ཀུང་སི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་དེ་སྔ“རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་སྡེ་ཚན”གྱི་མཚན་སྙན་ཐོབ་ཡོད་པ་རེད།

        “ང་ཚོས་རྟག་ཏུ་ལས་བཟོའི་ཁྲོད་བོད་རྒྱ་སྐད་ཡིག་སློབ་རེས་ཀྱི་སྐད་ཡིག་འཛིན་གྲྭ་གཉེར་ནས་ཚང་མའི་དབར་ཕན་ཚུན་སྤེལ་རེས་ལ་སྟབས་བདེ་ཡོང་བ་དང་། བཞུགས་མོལ་དང་སྤེལ་རེས་སོགས་གཅིག་སྡུད་གསོ་སྦྱོང་བྱེད་སྟངས་སྤྱད་དེ་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ལོ་ལྟར་གྱི་ཟླ་བདུན་པར་ལས་བཟོའི་དབྱར་སྒར་བྱེད་སྒོ་སྤེལ་རིང་རྟ་རྒྱུག་དང་། རིག་རྩལ། གྱེར་འདོན་སོགས་ཀྱི་འགྲན་བསྡུར་གཉེར་ནས་མཐུན་སྒྲིལ་དང་འགྲན་བསྡུར་ཁྲོད་ཕན་ཚུན་དབར་གྱི་བརྩེ་བ་ཟབ་ཏུ་གཏོང་གི་ཡོད། བྱེད་ཐབས་སྣ་མང་སྤྱད་དེ་མི་རིགས་ཁག་གི་ལས་བཟོའི་དབར་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་སློབ་སྦྱོང་བྱེད་པར་ཁྲིད་སྟོན་བྱས་ནས་མི་རིགས་ཁག་གི་ལས་རོགས་འཆམ་མཐུན་མཉམ་གནས་དང་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་ཏུ་གཏོང་གི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་དམངས་ཕན་ཟོག་འགྲེམས་ཚད་ཡོད་ཀུང་སིའི་ཁྲིམས་གཏན་འཁེལ་བའི་འཐུས་མི་སྐལ་བཟང་ཚེ་དབང་གིས་བཤད།

        ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ནས་ངས་ཁས་ལེན། ངས་དེའི་ནང་ཞུགས། ངས་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་བྱ་སྤྱོད་སོགས་ལག་ལེན་བསྟར་ནས་གྲོང་ཁྱེར་དང་། རྫོང་། ཆུས། ཤང་། གྲོང་རྡལ། གྲོང་ཚོ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་རིམ་པ་བཞིན་དོན་འཁྱོལ་ཏན་ཏིག་དང་། རིམ་པ་བཞིན་དམ་འཛིན་བྱེད་ས་ཡོད་པ། གང་སར་བཀྲག་མདངས་འཚེར་ས་ཡོད་པ། མི་ཚང་མ་དེའི་ནང་ཞུགས་པ་བཅས་ཀྱི་རྣམ་པ་ཞིག་བཏོད་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་ཞུགས་ཚད་95%ཡན་ཟིན་ཡོད་པ་རེད།

        མི་རིགས་མཐུན་སྒྲིལ་གྱི“བདེ་སྐྱིད་མེ་ཏོག”གང་སར་བཞད།

        མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། ལག་གདང་སྦྲེལ་ནས་ཞི་མཐུན་མཉམ་དུ་གཏོད། ནག་ཆུར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་དང་སྔོན་ཐོན་པ་རྒྱུན་ཆད་མེད་པར་ཐོན་ཡོད་པ་རེད།

        ཉེ་བའི་ལོ་ཤས་རིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ཁྲོད་ནག་ཆུ་གྲོང་ཁྱེར་གྱི་མི་སྒེར་16ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པ་དང་། མི་སྒེར་159ལ་རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པ། མི་སྒེར་224ལ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཟེངས་བསྟོད་ཐོབ་ཡོད་པ་རེད། ཁོང་ཚོས་སེམས་ནུས་ཡོད་རྒུས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་ནས་ས་བབ་མཐོ་བའི་ས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་སྟོན་གྲོང་ཁྱེར་འཛུགས་སྐྲུན་ལ་རམ་འདེགས་བྱས་ཡོད་པ་རེད།

        “མཐུན་སྒྲིལ་བྱས་ཚེ་གཞི་ནས་སྟོབས་ཤུགས་ལྡན། ངས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་བྱང་ཐང་ཡུལ་དུ་རྩ་བ་ཚུགས་པར་སྐུལ་འདེད་གཏོང་གི་ཡིན”ཞེས་ཀན་སུའུ་ཞིང་ཆེན་ལིན་ཐན་རྫོང་ནས་ཡིན་པའི་ནག་ཆུ་གྲོང་ཁྱེར་གྱི་སླར་ཡང་ཕེབས་ཚོང་ཁང་གི་སྤྱི་ཁྱབ་ཅིང་ལི་མེ་ཝུའུ་ཡིས་བཤད།

        དབུལ་སྒྲོལ་འགག་སྒྲོལ་ཁྲོད་མེ་ཝུའུ་ཡིས་རང་འགུལ་ངང“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་སྐྱོར་བྱེད་པའི”འདུ་འགོད་ལ་སྐུལ་འདེད་གཏོང་བའི་ནང་ཞུགས་ནས་རྟག་ཏུ་ཆ་སྒྲིག་ཁྱིམ་ཚང་ལ་འཚམས་འདྲི་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་དབུལ་སྒྲོལ་འཆར་གཞི་བཟོ་རོགས་བྱས་ཡོད། འབྲོག་ཁུལ་ཁྱིམ་དུ་ལས་ཞུགས་བྱེད་དགོས་རིགས་རང་ཉིད་ཀྱི་ཚོང་ཁང་དུ་བསྡུས་ནས་ཚོང་གཉེར་གྱི་རྩལ་ནུས་སློབ་སྦྱོང་བྱེད་དུ་བཅུག་པ་དང་། ཁྱིམ་དུ་དབྱར་རྩྭ་དགུན་འབུ་འཐུ་བར་བརྟེན་ནས་འཚོ་བ་སྐྱེལ་མཁན་ལ་ལས་སྣོན་བྱེད་མཁན་འབྲེལ་བ་བྱེད་རོགས་བྱས་ཏེ་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། མཉམ་ལས་ཁང་ནང་ཞུགས་པའི་བོད་རིགས་སྤུན་ཟླར་ཁྲོམ་ར་དང་འབྲེལ་བ་ཧུར་ཐག་བྱས་ནས་ཚོང་ལམ་འཚོལ་རོགས་བྱས་ཡོད། ཉེ་བའི་ལོ་ཤས་རིང་། སླར་ཡང་ཕེབས་ཚོང་ཁང་གིས་རིམ་རྩིས་བྱས་ན་ལས་ཞུགས་བྱེད་མཁན་སྟོང་ལྷག་ཙམ་བསྡུས་པ་དང་ལས་གཏོད་བྱེད་མཁན་300ཙམ་གསོ་སྐྱོང་བྱས་ཡོད་པ་རེད།

        མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཛེས་ཤོས་དང་། མི་རིགས་མཐུན་སྒྲིལ་གྱི་འབྲས་བཟང་ཞིམ་ཤོས། མི་རིགས་མཐུན་སྒྲིལ་གྱི་མི་དམངས་བདེ་སྐྱིད་ཆེ་ཤོས། མི་རིགས་མཐུན་སྒྲིལ་གྱི་ས་ཆ་མཐུན་ཤོས་བཅས་ཡིན། ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོས་བསྐྱོད་དེ་གྲོང་གསེབ་ཀྱི་རྣམ་པ་རྙིང་པ་སྔར་བས་གསར་པར་འགྱུར་བཞིན་ཡོད་པ་རེད།

        མཛེས་པའི་བྱང་ཐང་ཡུལ་དུ་ནམ་མཁའ་སྔོ་ཞིང་དྭངས་བ་དང་སྲོག་ཆགས་སྣ་ཚོགས་བག་ཕེབས་ངང་རྒྱུ་ཞིང་། དེ་ལས་ཀྱང་ཉམས་དགའ་བ་ནི་མི་རིགས་ཁག་གི་བུ་ཕྲུག་ཁྲི་50ཡིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སེམས་པ་གཅིག་ཏུ་སྦྲེལ་ནས“ཀྲུང་ཧྭ་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ། སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་ནག་ཆུའི་རི་མོ་མཉམ་དུ་བྲིས་ཡོད་པ་རེད།

        ད་ཆའི་བྱང་ཐང་ཡུལ་དུ་མི་རིགས་ཁག་གི་བུ་ཕྲུག་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རིམ་བཞིན་སེམས་ནང་ཟུག་པ་དང་། མཐུན་སྒྲིལ་ཁྲོད་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད། ཞི་མཐུན་ཁྲོད་མདུན་སྐྱོད་བཅས་བྱས་ནས་དུས་རབས་གསར་པའི་ནག་ཆུ་འཕེལ་རྒྱས་ཀྱི་ངོ་མཚར་ཟམ་མི་ཆད་པར་གཏོད་བཞིན་ཡོད་པ་རེད།

        མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་བ་དང་། སྐུལ་འདེད་པ། ལག་བསྟར་བ་བཅས་ཧུར་ཐག་བྱེད་པ།

        བཅར་འདྲི་བྱེད་སྐབས“རྩྭ་ཐང་གི་དཔའ་བོ”ཞེས་འབོད་པའི་སྤུས་དག་གི་བརྗོད་དོན་ཟབ་ལ་བརྗོད་ཚིག་སྙན་པའི་སྐད་ཆ་ལས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཏང་ལ་ལྷག་བསམ་རྣམ་དག་དང་། མེས་རྒྱལ་ལ་དགའ་ཞེན། ཁ་ཕྲལ་ལ་ངོ་རྒོལ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་ཁོང་གི་དཔའ་བོའི་བྱས་རྗེས་རྩྭ་ཐང་གི་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད། ནག་ཆུ་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྲང་ལམ་ཁག་ཏུ་མི་རིགས་ཁག་གི་མང་ཚོགས་དགའ་སྤྲོའི་དཔལ་ལ་རོལ་བའི་རྣམ་པས་ང་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག དེ་ནི་བོད་བྱང་ཐང་གིས་མི་རྣམས་ལ་སྦྱིན་པའི་དྲོ་སྐྱིད་དང་སྟོབས་ཤུགས་ཤིག་རེད།

        ཁོར་ཡུག་དེ་ལྟ་བུའི་ནང་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་འཐུས་ཚང་དང་། སྔར་བས་འགན་ལེན། སྔར་བས་རྒྱུན་མཐུད་བཅས་ཡོང་ཐུབ།

        ཁོར་ཡུག་དེ་ལྟ་བུའི་ནང་གཉེར་སྐྱོང་བྱེད་པོ་ཁག་གཞི་ནས་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ཆེད་རང་ནུས་གང་ཡོད་འདོན་ཐུབ།

        ཁོར་ཡུག་དེ་ལྟ་བུའི་ནང་ནག་ཆུ་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་མཉམ་དུ་འབད་འབུངས་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་སྐྲུན་པའི་ལས་འགན་དང་དམིགས་ཚད་བདེ་བླག་ངང་ལེགས་སྒྲུབ་བྱས་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་བཏོད་པ་རེད།

        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོར་ཚང་མས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་འགྲིལ་ནས་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ཚེ། གཞི་ནས་མི་རིགས་བསྐྱར་དར་གྱི་ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་ཐུབ་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་གཞི་ནས་ལྷུག་པོར་བཞད་ཐུབ”

        མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ་བྱ་རྒྱུ་དེ་མི་ཚང་མའི་ལས་ཀ་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད། ང་ཚོ་ཚང་མ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁེ་ཕན་ཐོབ་མཁན་དང་སྐུལ་འདེད་གཏོང་མཁན་ཡིན། མི་རིགས་མཐུན་སྒྲིལ་གྱི་སྲུང་སྐྱོང་བ་དང་། སྐུལ་འདེད་པ། ལག་བསྟར་བ་བཅས་ཧུར་ཐག་བྱས་ཚེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པའི་རྫོགས་མཐའ་མེད་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1