༄༅།།ཧོར་དགོན་སྡེ་བཅུ་གསུམ་གྱི་ལོ་རྒྱུས་ཕྱོགས་བསྡུས།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-10


  ཧོར་དགོན་སྡེ་བཅུ་གསུམ་གྱི་སོ་སོའི་ཆོས་རྒྱུད་རིག་གནའ་རིག་གནས་དེ་ཉམས་གསོ་དང་དར་སྤེལ་གཏོང་བའི་སྐོར།  དེའང་སྔོན་ཏྲེ་རབས་ཀྱི་དུས་སུ་ཏྲེ་རབས་ལྔ་པ་བཙུན་པ་ཏྲེ་བོ་སྟག་དམར་ཡར་སྔོན་དུ་བོན་ཞྭ་ནག་ཅན་གྱི་ཆོས་ལུགས་རིག་གནས་ལག་བསྟར་བྱས་པ་མ་གཏོགས་གཞན་མེད་པར་གསལ་ལ།  ཏྲེ་རབས་ལྔ་པའི་དུས་སུ་བཙུན་པ་ཏྲེ་བོ་སྟག་དམར་གྱིས་གདོད་མའི་བོན་ནག་གི་ཆོས་ལུགས་རིག་གནས་ཀྱི་སྲོལ་སྲོག་ཆགས་བསད་ནས་དམར་མཆོད་བྱེད་པའི་ལུགས་དེ་རིམ་པ་བཞིན་ཕྱིར་བསྡུས་ནས།   སྟོན་པ་གཤེན་རབ་མི་བོ་ཆེ་ལས་བརྒྱུད་པའི་གཡུང་དྲུང་བོན་གྱི་ལུགས་བཟང་དྲི་མ་མེད་པར་གནམ་ལྷ་དཀར་པོ་ལ་དམར་མཆོད་མི་དགོས་པར།   དེའི་ཚབ་ཏུ་གཏོར་མ་ལ་ཚོན་རྩི་འདྲ་མིན་བྱུག་ནས་མཚོན་དོན་ཙམ་གྱིས་འཐུས་པར་བྱས་པའི་ཆོས་ལུགས་རིག་གནས་ཀྱི་སྲོལ་གཏོད།   གཡུང་དྲུང་བོན་དཀར་གྱི་བསྟན་པའི་རྒྱལ་མཚན་དགུང་སྔོན་དབྱིངས་སུ་བཏེགས་པའི་གཞུང་ཤིང་སྲོང་།    དེ་ནས་བཟུང་ཏྲེ་ཡུལ་དུ་གངས་ཅན་གཙུག་ལག་རིག་གནས་ཀྱི་རྩ་བ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཐོག་མར་དར་བར་སེམས།   དེ་ནས་ཏྲེ་སྟོད་སྨད་བར་གསུམ་དུ་དགོན་སྡེ་དང་གྲྭ་ཚང་གི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་ནི་དེང་དུས་ཀྱང་དགོན་ཤུལ་ཤིན་ཏུ་མང་པོ་ས་འོག་ནས་ཐོན་ཡོད་པར་ཀུན་གྱིས་མཁྱེན་གསལ་ལྟར་ལགས།   དགོན་པ་དེ་དག་ཕྱིས་སུ་ཆོས་རྒྱུད་གཞན་གྱིས་གྲུབ་མཐས་དབང་བསྒྱུར་བྱས་པ་དང་།   ཁག་ཅིག་དུས་འགྱུར་གྱི་དབང་གིས་རང་བཞིན་འཐོར་ཞིག་དུ་སོང་བ།  ཁ་ཅིག་ད་ལྟ་ཡང་ལྷག་ལུས་ཡོད་པ་ནི་སྐབས་དེའི་ཏྲེ་བོའི་མངའ་ཁོངས་སུ་ཡོད་པའི་ཆགས་འཇིག་མང་དུ་སོང་བའི་བོན་པོ་དགོན་པ་གཡུང་དྲུང་གླིང་འདི་གཅིག་པུ་ལས་མི་འདུག།   དགོན་སྡེ་དེ་དག་གི་བོན་ཆོས་རིག་གནས་གཙོ་བོར་བྱེད་པའི་མི་རིགས་རིགས་གནས་དར་སྤེལ་གཏོང་བ་མ་ཟད།  སྤྱི་ཚོགས་ཀྱི་དུས་རབས་གསར་པའི་རིག་གནས་དང་གོམ་སྟོབས་མཉམ་དུ་སྤོས་ནས་བོན་ཆོས་ཀྱི་ཆོས་ལུགས་རིག་གནས་དར་སྤེལ་གཏོང་བཞིན་ཡོད།   དེ་ནས་ཏྲེ་རབས་བོད་བཙན་པོའི་མངའ་འོག་ཏུ་དབང་བསྒྱུར་བྱས་ནས་མཐའ་འདུལ་དང་ཡང་འདུལ་གྱི་གཙུག་ལག་ཁང་གི་ཡ་གྱལ་ཏྲེ་བོའི་ལུང་པའི་ཀ་བྲག་ཇོ་ཁང་བཞེངས་པ་དེ་ནས་བཟུང་ས་གནས་འདིར་ནང་ཆོས་ཀྱི་བསྟན་པ་གཞི་ནས་གསར་དུ་ཚུགས་པའི་དབུ་བརྙེས།   སྐབས་དེར་བོད་ལ་ནང་ཆོས་ཆོས་རྒྱུད་ཀྱི་གྲུབ་མཐའི་དབྱེ་བ་མེད་སྟབས་ཀ་བྲག་ཇོ་ཁང་དེ་བོད་ཁམས་སྤྱིའི་བསྟན་བསྐལ་ལྟ་བུར་གྱུར་ཡོད།   དེ་རྗེས་ཏྲེ་རབས་ཧོར་གྱི་དབང་བསྒྱུར་བྱེད་སྐབས་ནང་ཆོས་ཀྱི་དགོན་སྡེ་ཕལ་ཆེར་དཔལ་ལྡན་ས་སྐྱའི་ཆོས་བརྒྱུད་ཀྱི་དགོན་སྡེ་རུ་བསྒྱུར་བར་བྱས་ནས། དགོན་སྡེ་དེ་དག་གི་གྲུབ་མཐའི་ཁྱད་ཆོས་གཙོ་བོ་དཔལ་ལྡན་ས་སྐྱ་པའི་ཆོས་རྒྱུད་རིག་གནས་རྒྱུད་འཛིན་བྱེད་པའི་སྲོལ་ཤ་སྟག་བྱུང་བ་གྲགས།   དེ་ནས་ཕྱིས་སུ་རབ་བྱུང་བཅུ་པའི་ཆུ་ལུག་ལོར་གོོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་གཙང་པ་བླངས་ཏེ་གཞུང་ས་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་བདག་པོ་མཛད་ནས་མཆོད་ཡོན་རྗེས་མའི་དབུ་ཚུགས་པའི་སྐབས་དེར།  ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་གོང་ས་ལྔ་པ་ཆེན་པོའི་མདུན་དགོན་སྡེ་བཅུ་གསུམ་འདེབས་པ་ཞལ་གྱིས་བཞེས་ནས་ཕྱིར་ཕེབས་ཏེ།   ཐོག་མར་དཀར་མཛེས་དགོན་པ་ཕྱག་བཏབ་ནས་རིམ་བཞིན་དགོན་སྡེ་བཅུ་གཉིས་བཞེངས་གྲུབ་བྱུང་བས།   དགོན་སྡེ་དེ་དག་རི་བོ་དགེ་ལྡན་པའི་གྲུབ་མཐའི་ཆོས་རྒྱུད་འཛིན་པ་ཤ་སྟག་ཡིན་ལ།   སྤྱིར་ས་གནས་འདིར་ཆོས་ལུགས་རིག་གནས་ལག་བསྟར་བྱེད་པའི་གྲུབ་མཐའི་དབང་དུ་བྱས་ན་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་རིས་སུ་མ་ཆད་པའི་དགོན་སྡེ་མང་དུ་ཡོད་པའི་ནང་།   དེང་དུས་དཀར་མཛེས་རྫོང་གི་མངའ་ཁོངས་སུ་ཡོད་པའི་དགེ་ལུགས་པའི་དགོན་སྡེ་བཅུ་དགུ་དང་།   རྙིང་མ་པའི་དགོན་སྡེ་བཅུ་གཅིག  །ས་སྐྱ་པའི་དགོན་སྡེ་བདུན།   བཀའ་བརྒྱུད་པའི་དགོན་སྡེ་ལྔ།  བོན་དགོན་གཅིག་བཅས་དགོན་སྡེ་ཞེ་གསུམ་ཙམ་ཡོད་པར་གྲགས།   དེ་ཡང་དགོན་སྡེའི་རིག་གནས་ནི་ཆོས་ལུགས་རིག་གནས་ཡིན་ལ།  ཆོས་ལུགས་རིག་གནས་འདི་རིག་གནས་ལྔ་ལས་ནང་དོན་རིག་པའི་ཁོངས་སུ་བསྡུ་དགོས་ལ།  ནང་དོན་རིག་པ་འདིས་བཅུ་ཕྲག་རིག་པའི་གནས་ཐམས་ཅད་ལ་མ་ཁྱབ་པ་མེད་པ་ལྟ་བུ་ཡིན་ལ།   དེའང་རྒྱལ་ཚབ་བྱམས་པས་བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད་ཅེས་པའི་དོན་ཡང་དེ་ལྟ་བུའི་ཐོག་འགྲེལ་བསྡད་ཡོད་པར་དགོངས་ནས་དེ་ལྟར་བཞེད་པ་ཡིན།   དེ་ལྟར་ན་རིག་གནས་གཞན་ཐམས་ཅད་ནང་དོན་རིག་པ་གཅིག་པུ་དང་འབྲེལ་བ་ཡོད་པ་ཡིན་ན།  རིག་གནས་གཞན་སྦྱོང་བའི་ངལ་བ་དོན་མེད་དུ་འགྱུར་བ་ཐལ་ཅིའི་ཕྱིར་ཞེ་ན་ནང་དོན་རིག་པ་གཅིག་པུ་སྦྱོང་བས་འཐུས་པའི་ཕྱིར་ཞེ་ན།  དེ་ཡང་བདེན་མོད་འོན་ཀྱང་རིག་གནས་ཀྱི་རྨང་གཞི་ཐོག་མར་རིག་གནས་ཆུང་བ་ལྔ་ལ་སྦྱོང་བ་དེ་ཡིན་ལ།   དཔེར་ན་ཁང་པ་ཞིག་བཟོ་དགོས་ན་ཁང་པའི་རྨང་རྡོ་གཏན་ནས་མི་འཇོག་པར་ཐོག་བརྩེགས་རིམ་པ་དགུ་དུས་གཅིག་ཏུ་ཐོན་ཡོང་བ་ཞིག་མི་སྲིད།  དཔེ་དེ་བཞིན་དུ་རིག་གནས་འོག་མ་ཐམས་ཅད་རིག་གནས་གོང་མར་སྦྱོང་བའི་རྨང་གཞིའམ་ཐེམ་སྐས་ལྟ་བུ་ཡིན་ལ།  སྐས་ཐེམ་འོག་མར་རྡོག་མ་ཐེབས་པར་གོང་མར་འཛེགས་མི་ཐུབ་པས།  གལ་སྲིད་ཁང་བརྩེགས་རིམ་པ་བགྲོད་དགོས་ན་སྐས་རིམ་འོག་མ་ལས་གོང་མར་རིམ་པ་འགྲོ་དགོས་པའི་དཔེ་དེ་བཞིན་དུ་རིག་གནས་ལ་སློབ་སྦྱོང་བྱེད་པའི་གོ་རིམ་མ་ནོར་བར་བརྩོན་པ་གལ་ཆེ།   ནང་དོན་རིག་པས་རིག་གནས་སྤྱི་ལ་ཁྱབ་ཡོད་པ་མ་ཟད་ཤེས་བྱའི་ཆོས་ཐམས་ཅད་ལ་ཁྱབ་ཡོད་པར་ཁས་ལེན་ཆོག་པའི་གོ་བ་ཞིག་མ་སྐྱེས་བར།   ཐུན་མོང་གི་རིག་གནས་ལ་སློབ་ཅིང་བརྩོན་པར་དང་ལེན་སྐྱེད་དགོས།   ཤེས་བྱའི་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་གསལ་རིག་ཙམ་འདི་ལ་ཐུག་ཡོད་པར་ཤེས་བྱུང་ན་དེའི་དུས་སུ་ནང་དོན་རིག་པ་ལ་ཁ་ཕྱོགས་པའི་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་ནང་སེམས་ཙམ་པའི་ལྟ་བ་སྣེ་ཐོན་ཙམ་ཞིག་གཞི་ནས་ཤེས་པ་ཡིན།   དེ་ལྟར་མ་ཡིན་པར་བྱས་ཚད་ཁ་ཕྱིར་ལྟས་ཀྱིས་སྣང་བ་དགྲ་ལངས་དང་མ་བྲལ་བའི་ངང་གཞུང་ལུགས་ཆེན་པོ་ཇི་ལྟར་ཞིག་འཆད་ཉན་བྱས་ཀྱང་དོན་དུ་གོ་བ་ཟབ་སའི་གནད་ཅིག་ནམ་ཡང་སྐྱེ་དཀའ་བའི་གནས་སུ་འགྱུར་ཡོད  དེ་དག་ནི་འཕྲོས་དོན་ཙམ་ཡིན་ལ་དགོན་སྡེའི་རིག་གནས་འདི་ལ་ནང་གསེས་ཀྱི་དབྱེ་བ་མཐའ་ཡས་ཀྱང་།  དེ་དག་གི་དོན་ཅུང་ཟད་གོ་བདེ་བའི་དབང་དུ་བཏང་ནས་བཤད་ན།  སྟོན་པའི་རྗེས་འཇུག་ཞིག་ཡིན་ནས་བཟུང་སྟེ་དོན་དུ་སྟོན་པའི་འཁོར་ལོ་རྣམ་གསུམ་ལག་ལེན་དུ་བསྟར་བ་ཞིག་དགོས་ལ།   དེ་ཡང་ཀློག་པ་ཐོས་བསམ་གྱི་འཁོར་དང་།  སྤང་བ་བསམ་གཏན་གྱི་འཁོར་ལ།  བྱ་བ་ལས་ཀྱི་འཁོར་ལོ་གསུམ་ལས་གཞན་བྱས་པའི་ལས་ཐམས་ཅད་སྟོན་པའི་བཀའི་གནང་བ་ལས་གཞན་དུ་གྱུར་པའི་རྗེས་འཇུག་མཁས་པའི་ལས་མ་ཡིན་པ་ཁས་ལེན་རིགས།   དེ་ནི་དགོན་སྡེའི་གྲྭ་ཚང་གི་རིག་གནས་ལག་བསྟར་བྱས་པ་ཡང་ཡིན།  དེ་ཡང་ཀློག་པ་ཐོས་བསམ་གྱི་འཁོར་ལོ་འདི་ཤིན་ཏུ་གནད་ཆེ་བས་དེར་བརྟེན་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཁོང་གིས་ཀྱང་ཐོག་མར་སེ་འབྲས་དགའ་གསུམ་གྱི་གྲྭ་ས་ལས་དཔལ་ལྡན་འབྲས་སྤུངས་གྲྭ་སར་ཏྲེ་ཧོར་ཁམས་ཚན་དུ་བཞུགས་ནས་སྐུ་ཚེའི་ཕྱེད་སློབ་སྦྱོང་གིས་རྫོགས་པར་བྱས་ཏེ་གྲྭ་སའི་གཞུང་བཀའ་ཕོད་ལྔའི་དམ་བཅའ་འཇོག་སྟེ་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་རྗེས་གཞི་ནས་ཕྱིར་ཕེབས་ནས་དཀར་མཛེས་དགོན་པའི་འདུ་ཁང་གསར་བཞེངས་བྱས་ནས་ཁང་ཚན་མཚན་ཉིད་གྲྭ་ཚང་དང་།   སྔགས་པ་གྲྭ་ཚང་།  རྣམ་རྒྱལ་གྲྭ་ཚང་སོགས་དགོན་པ་གཅིག་ལ་གྲྭ་ཚང་ཁག་མང་དུ་ཕྱེས་པའི་སྲོལ་གཏོད་པ་དེ་དགོན་སྡེའི་རིག་གནས་ཀྱི་སྒྲིག་འཛུགས་གནང་བ་ལྟར།  མཚན་ཉིད་གྲྭ་ཚང་ལྟ་བུ་ལ་དཔེར་མཚོན་ན་ཐོག་མར་གྲ་སའི་རིག་ལམ་ཁ་དོག་དཀར་དམར་ནས་འགོ་བཙུགས་ཏེ།   བློ་རིག་དང་རྟགས་རིག་སོགས་བསྡུས་རའི་རིག་ལམ་བྱང་ཆུབ་པའི་བློ་བསྐྱེད་འདོན་སྤེལ་བྱས། དེ་ནས་བཟུང་ཀུན་བཏུས་དང་རྣམ་འགྲེལ་སོགས་ཚད་མའི་གཞུང་ཆེན་ཁག་ལ་སློབ་སྦྱོང་གཏིང་ཚུགས་པ་བྱེད་དགོས།   རྣམ་རྒྱལ་གྲ་ཚང་ལྟ་བུ་ཡིན་ན་དགོན་པའི་དཀོར་གཉེར་གྱི་ཆོས་སྤྱོད་ཆོ་གའི་ཆིངས་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་ཏེ་བཅའ་རྡུང་འབུད་དཀྲོལ།  ཐིག་རྡུལ་ཚོན།  དབྱངས་གདངས་གར་གསུམ་བཅས་ཤེས་བྱའི་རྣམ་གྲངས་རྒྱ་མཚོ་ལྟ་བུ་ལ་བྱང་ཆུབ་པར་བྱེད་དགོས།   གཏོར་མ་བཅའ་རྒྱུ་ལྟ་བུ་གཅིག་ལ་མཚོན་ན་རྒྱ་གར་སྐད་དུ་བ་ལིཾ་ཏའི་སྐད་དོད་དུ་གཏོར་མ་ཞེས་འབྱུང་ལ། གཏོར་མ་དེ་ལ་ཡང་ཐོག་མར་འཇིག་རྟེན་ལས་འདས་པའི་གཏོར་མ་ལ། བླ་གཏོར་དང་།  དེ་ནས་ཡི་དམ་གཏོར་མ།  དེ་ནས་མཁའ་འགྲོའི་སྤྱི་གཏོར།  དེ་ནས་ཆོས་སྐྱོང་གཏོར་མ།   དེ་ནས་ནོར་ལྷའི་གཏོར་མ་སོགས་ཞི་དྲག་གི་ཁྱད་པར།   དེ་མན་ཆད་འཇིག་རྟེན་པའི་གཏོར་མ་ལ།  ཕྱོགས་སྐྱོང་གཏོར་མ། འབྱུང་པོའི་གཏོར་མ། བགེགས་ཀྱི་གཏོར་མ། ཀླུ་གཏོར། གཞི་བདག་གཏོར་མ།   དེ་ནས་གནོད་སྦྱིན་དང་བཙན་དང་རྒྱལ་པོ་ཐེའུ་རང་དང་འགོང་པོ།   བསེ་རག་དེ་ནས་ཡི་དྭགས་སོགས་ཀྱི་གཏོར་མའི་དབྱིབ་དང་ཁ་དོག་རྒྱན་གྱི་ཁྱད་པར་།  གླུད་གཏོར་ཞེས་ལམ་སྲང་སུམ་མདོ་དང་བཞི་མདོ་སོགས་འདུས་མདོ་རུ་འཕེན་རྒྱུའི་ཡོན་བདག་ངར་མའི་གླུད་དང་།     ལྗང་བུ་དང་ནམ་མཁའ་འབྲུ་སྣ་ཆངས་བུ་སོགས་རྫས་ཀྱི་ཁྱད་པར།  ཕུད་དང་གསེར་སྐྱེམས་ཕྱེ་མར་སྨན་དང་རཀྟ་སོགས་ཆོ་གའི་མཆོད་རྫས་རིག་གནས་ཀྱི་ཤེས་བྱ།  མཆོད་པ་རྣམ་ལྔ་ཞི་དྲག་གི་ཁྱད་པར་དང་སྐོར་གཤམས་དང་སྒྲིག་གཤམས་སོགས་གཤམས་ཐབས་ཀྱི་ཁྱད་པར།  དཀྱིལ་འཁོར་གཅིག་གི་ཁོར་ཡུག་ཏུ་བླ་བྲེ་དང་འཕེན་གདུག་རྒྱལ་མཚན་བ་དན་སོགས་དང་།   མེ་ཏོག་གི་རྒྱན་སྣ་ཚོགས་བསྟར་བ་བཅས་ཤེས་བྱའི་སྒོ་མཐའ་ཡས་པ་ལ་མཁས་པ་བྱ་དགོས།     དེ་བཞིན་དུ་སྔགས་པ་གྲྭ་ཚང་གི་བསླབ་བྱའི་གནས་ལ་སྡེ་གསང་འཇིགས་གསུམ་སོགས་རྒྱུད་སྡེ་ཆེན་པོའི་གཞུང་ལས་ཇི་ལྟར་བྱུང་བ་ལྟར་ཕྱི་བསྐྱེད་པའི་རིམ་པ་དང་།  ནང་རྫོགས་པའི་རིམ་པ་སྟེ་བསྐྱེད་རྫོགས་ཟུང་འཇུག་གི་ཏིང་ངེ་འཛིན་གྱི་ཉམས་ལེན་མཁས་ཤིང་།   འཇམ་པའི་དབྱངས་ཀྱི་ཐུགས་རྗེའི་དང་བྱིན་རླབས་ཀྱི་ཟེའུ་ཕྲེང་ཐུགས་སུ་བཀྲ་པའི་ཤར་རྒྱལ་བ་གཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཉམས་ལེན་གྱི་དགོངས་པའི་མཐིལ་གསང་སྔགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་སྔགས་རིམ་ཆེན་མོ་ལ་ཐུགས་དམ་གྱི་མཐིལ་གཏད་ནས་རྟོགས་པའི་བོག་དབྱུང་ཞིང་བདེ་གསལ་མི་རྟོགས་པའི་ཉམས་དང་དྲོད་རྟགས་སོགས་ས་ལམ་གྱི་ཡོན་ཏན་དབྱར་མཚོ་ལྟར་འཕེལ་བ།   སྔགས་རྒྱུད་རྒྱ་མཚོ་ལྟ་བུའི་རིག་གནས་ཀྱི་ཐུགས་རྒྱུད་ཕྱུག་པ་ཡིན་ལ།   དེའང་རྒྱུད་སྡེ་སོ་སོའི་དབྱེ་བ་ལྟར་ན་བྱ་རྒྱུད་དང་སྤྱོད་རྒྱུད་རྣལ་འབྱོར་གྱི་རྒྱུད་ དང་རྣལ་འབྱོར་བླ་མེད་དེ་རྒྱུད་སྡེ་ཆེན་པོ་བཞི་ཞེས་ཡོངས་སུ་གྲགས་པ་ལས།  བྱ་རྒྱུད་ལྟ་བུ་གཅིག་ལ་མཚོན་ན་དོན་ཡོད་ཞགས་པའི་རྒྱུད་དང་དམ་ཚིག་གསུམ་བཀོད་ཀྱི་རྒྱུད།  ལེགས་པར་གྲུབ་པའི་རྒྱུད་གསུམ་ལས་མ་འདུས་པ་མེད་ལ།  དོན་ཡོད་ཞགས་པའི་རྒྱུད་དེ་ལ་དབང་བསྐུར་བ་དང་སེམས་བསྐྱེད་སོགས་མ་ཐོབ་ཀྱང་བསྙེན་གནས་ཀྱི་སྡོམ་ཆོག་འབོགས་པར་བྱས་ན་གང་ཟག་ཀུན་ལ་ཕན་བདེའི་གཞིར་འགྱུར་བས་ཆོ་གའི་ལས་འགའ་ཞིག་སྒྲུབ་པ་གནང་བར་བཞེད་ལ།    དམ་ཚིག་གསུམ་བཀོད་ལྟར་ན་འཇུག་པ་སེམས་བསྐྱེད་ཐོབ་པའི་གང་ཟག་ཞིག་གིས་ཕྲིན་ལས་འགའ་ཞིག་སྒྲུབ་པར་བྱ་བའི་ཕྱིར་དུ་ཆོ་ག་འདོན་ཤེས་པ་ཙམ་གྱིས་ཀྱང་རྒྱུད་དོན་ལག་ལེན་དུ་བསྟར་རུང་བར་བཤད་དོ། །  ལེགས་པར་གྲུབ་པ་ཡན་ཆད་ཀྱི་རྒྱུད་རྣམས་ཀུན་ཡང་དག་པའི་དབང་གིས་སྨིན་པར་མ་བྱས་ན་གོང་གི་དོན་ཞགས་དང་དམ་ཚིག་གསུམ་བཀོད་ལྟར་སེམས་བསྐྱེད་ཙམ་དང་ཆོ་ག་ཤེས་པ་ཙམ་གྱིས་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་ལ་འཇུག་ཅིང་གསང་སྔགས་ཀྱི་དབང་དང་དམ་ཚིག་སོགས་སྦྱིན་པ་མི་བྱའོ། །བྱ་བའི་རྒྱུད་འདི་ལ་བདག་བསྐྱེད་ཡོད་པ་མ་ཡིན་པས་འདུན་བསྐྱེད་བྲིས་སྐུ་དང་གཟུགས་སྐུ་གང་ཡང་རུང་བས་ཡི་དམ་དུ་བྱས་ནས་ལྷ་དེ་རྗེ་བོའི་ཚུལ་དུ་ཁྲུས་དང་གཙང་སྦྲ་སོགས་དཀའ་ཐུབ་གཙོ་བོར་བྱས་པའི་རང་ཉིད་ཁོལ་གྱི་རྣམ་པ་ལྟར་ཡི་དམ་གྱི་ལྷ་ལ་མཆོད་སྟོད་བསྙེན་གསུམ་གྱིས་མཉེས་ན་དངོས་གྲུབ་བསྩལ་ལ། མ་མཉེས་ན་དངོས་གྲུབ་མི་བསྩོལ་པ་ནི་བྱ་བའི་རྒྱུད་ཀྱི་དགོངས་པ་ཡིན།   འདི་ལ་དབང་གཉིས་ཡོད་དེ་དང་པོ་ཆུའི་དབང་དང་།  གཉིས་པ་གཅོད་པན་གྱིས་དབང་ངོ་། དོན་དམ་པར་བདག་དང་ཡི་དམ་གྱི་ལྷ་གཉིས་མཉམ་པར་ཉིད་ཀྱི་ངང་དུ་ཕན་ཚུན་གྲོགས་པོའི་ཚུལ་དུ་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བར་ལྷ་སྐུའི་ཞལ་ཕྱག་དང་རྒྱན་གོས་སོགས་ལ་བསྒྲུབ་ཐབས་ལྟར་ཚུལ་བཞིན་བསྙེན་སྒྲུབ་སོགས་ཀྱིས་ལམ་ནས་འབད་ནུས་ན།  གསང་སྔགས་ཐབས་ལ་མཁས་པས་ཕར་ཕྱིན་ཐེག་པ་ལྟར་བསྐལ་པ་གྲངས་མེད་གསུམ་སོགས་རིང་པོ་མི་དགོས་པར་མྱུར་བ་ཉིད་དུ་བདག་ཉིད་ལྷའི་ངོ་བོར་སངས་རྒྱས་པ་ནི་གསེར་འགྱུར་གྱི་རྩིས་ལྕགས་གསེར་དུ་བསྒྱུར་བ་ལྟར་ཡི་དམ་གྱི་ལྷ་དེའི་ངོ་བོར་བྱིན་གྱིས་རླབས་པར་བཞེད་དོ།།  གཉིས་པ་སྤྱོད་པའི་རྒྱུད་ནི་གོང་གི་བྱ་བའི་རྒྱུད་དེ་ལས་ལྟ་སྒོམ་སྤྱོད་གསུམ་སོགས་གོང་དུ་འཕེལ་བའི་གང་ཟག་དེས།  བདག་ཉིད་དམ་ཚིག་སེམས་པ་དང་ཡི་དམ་གྱི་ལྷ་ཡེ་ཤེས་སེམས་དཔའ་གཉིས་གྲོགས་པོའི་ཚུལ་དུ་ལྟ་བ་དང་རྗེས་སུ་མཐུན་པར་སྤྱོད་པའི་རྒྱུད་ཅེས་བྱ་སྟེ།   འདིར་ཕྱིའི་ཁྲུས་དང་གཙང་སྦྲ་སོགས་སྤྱོད་པ་རྣམས་སྤྱོད་རྒྱུད་ཀྱི་སྒྲུབ་ཐབས་ལྟར་བྱས་ནས།   སྒོམ་པ་རྣལ་འབྱོར་རྒྱུད་དང་མཐུན་པ་དེ་ལ་སྤྱོད་རྒྱུད་དང་འབྲེལ་བའི་རྣལ་འབྱོར་རྒྱུད་ཅེས་ཀྱང་བྱའོ།།    སྤྱོད་རྒྱུད་འདི་ལ་ཆུ་དང་གཅོད་པན་གྱི་དབང་གཉིས་གཞིར་བཞག་བྱས་པའི་ཐོག་རྡོ་རྗེ་དང་དྲིལ་གཉིས་མིང་གི་དབང་སྟེ་གསུམ་བསྣན་པས་ལྔ་ཡོད།    རྣལ་འབྱོར་རྒྱུད་འདི་སྤྱོད་རྒྱུད་ལས་ཀྱང་ལྟ་སྒོམ་སྤྱོད་གསུམ་གོང་དུ་འཕགས་པ་ཡིས།   ཕྱི་རོལ་གྱི་དངོས་པོའི་ཆོས་རྣམས་ལ་དམིགས་པའི་རྐྱེན་ལྟ་སྟངས་ཀྱི་ཁྱད་པར་ལས་བདག་ཉིད་དམ་ཚིག་སེམས་དཔའ་ལྟ་བ་དེ་ལ་ཡེ་ཤེས་སེམས་དཔའ་འགུག་ཅིང་གཞུག་པར་བྱས་ཏེ་དེའི་ངང་དུ་ལྷ་སྒོམ་པ་དང་སྔགས་བཟླས་པ་སོགས་བྱས་ནས་ཇི་སྲིད་ཕྱག་རྒྱ་མ་བཀྲོལ་པ་དེ་སྲིད་དུ་ཡི་དམ་གྱི་ལྷ་བཞུགས་པར་བཞེད་ལ།   ཕྱག་རྒྱ་བཀྲོལ་ནས་ཡེ་ཤེས་པ་གཤེགས་པའི་ཚེ་ན་བདག་ཉིད་ཐ་མ་པའི་རྣམ་པ་ལས་མ་འདས་པ་བཞེད་དོ།།  བདེན་གཉིས་དབྱེར་མེད་ཀྱི་ལྟ་བའི་ངང་ལས་མ་གཡོས་བཞིན་བདག་མདུན་དབྱེར་མེད་ཀྱི་ཆུ་ལ་ཆུ་་ཐིམ་པ་ལྟར་བདག་ཉིད་ཡི་དམ་གྱི་ལྷ་དང་ཐ་མི་དད་པའི་ལྟ་བ་དང་རྗེས་སུ་འབྲེལ་བའི་ཕྱི་ཡི་སྤྱོད་པའི་བྱ་བ་ལ་མ་ལྟོས་པར་ནང་གི་རྣལ་འབྱོར་ཁོ་ན་བསྟེན་པས།   རིགས་ལྔའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་རོ་ཞེས་གསུངས་སོ།།  རྣལ་འབྱོར་རྒྱུད་འདི་ལ་གོང་གི་རྒྱུད་གཉིས་ཀྱི་དབང་དེ་དག་གཞིར་བཞག་ཐོག་ཕྱིར་མི་ལྡོག་པར་འཁོར་ལོའི་དབང་དང་དྲུག་ཡོད།  བྱ་སྤྱོད་རྣལ་འབྱོར་ཏེ་རྒྱུད་སྡེ་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་དང་དབང་གི་ཁྱད་པར་སོགས་མདོ་མཚོན་པར་ཙམ་ཞུས་ཟིན་ནས།   དེ་ལྟར་སྒྲུབ་ཐབས་གང་དང་གང་ཡིན་ནའང་རང་རང་རྒྱུད་ཀྱི་ལྟ་བ་དང་སྒོམ་པ་སྤྱོད་པ་སོགས་མཐུན་པ་བྱས་ནས་ཆོ་གའི་རིམ་པར་མ་ཉམས་པར་སྦྱོར་དངོས་རྗེས་གསུམ་གྱིས་རྩིས་ཟིན་པ་བྱས་ན་རྒྱུད་ཀྱི་དགོངས་པ་དང་ཡང་མཐུན་པ་ཡིན།   དེ་ཡང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ལ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་ཡེ་གདོད་མ་ནས་རྣམ་པར་དག་ཅིང་།   ལྷ་དང་གཞལ་ཡས་ཁང་ལས་མ་གཡོས་བཞིན་དུ་དོན་དམ་པ་ཆོས་ཀུན་སྐྱེ་མེད་མཉམ་པར་ཉིད་ཀྱི་ངང་ལས་མི་འདའ་བའི་སྒོ་ནས།   སྣང་ཆ་སྐུ་དང་ཡེ་ཤེས་གཉིས་སུ་མེད་ཅིང་སྟོང་ཆ་དོན་དམ་མཉམ་པར་ཆེན་པོ་ལས་ནམ་ཡང་མ་གཡོས་བཞིན་དུ་སྣང་སྟོང་ཆུ་ཟླའི་རང་བཞིན་དང་དབྱེར་མི་ཕྱེད་པར་བསྐྱེད་རྫོགས་ཟུང་འཇུག་གི་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ལ་བློ་སྦྱངས་ནས་འབྲས་བུ་རྣམ་ཀུན་མཆོག་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་བརྙེས་པར་འགྱུར་ལ།   དེ་ཡང་གོང་དུ་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་གསུམ་གྱི་དབང་གཞིར་བཞག་བྱས་པའི་སྟེང་ལུས་ལྷའི་སྐུ་སྨིན་པར་བྱེད་པའི་བུམ་དབང་།  ངག་ལོངས་སྐུ་སྨིན་པར་བྱེད་པའི་གསང་དབང་།  སེམས་ཆོས་སྐུ་སྨིན་པར་བྱེད་པའི་ཤེས་དབང་།   ལུས་ངག་ཡིད་གསུམ་སྟེ་སྒོ་གསུམ་ཆ་སྙོམས་དུ་སྨིན་པར་བྱེད་པའི་དབང་བཞི་པ་སྟེ་རྒྱུད་སྡེ་འོག་མ་དེ་དག་ལ་མེད་པའི་ཁྱད་ཆོས་གཅིག་དང་།  ཕྱི་བསྐྱེད་པའི་རིམ་པ་དང་ནང་རྫོགས་པའི་རིམ་སྟེ་བསྐྱེད་རྫོགས་ཟུང་འཇུག་གི་ཏིང་ངེ་འཛིན་སོགས་དང་།  སྣང་སྲིད་དག་པ་རབ་འབྱམས་ཞེས་རྒྱུད་སྡེ་འོག་མ་དེ་དག་ལ་སྒྲ་ཙམ་ཡང་མ་གྲགས་པའི་ཁྱད་ཆོས་དུ་མ་དང་ལྡན་པའོ།།  འདི་དག་ནི་སྔགས་པ་གྲྭ་ཚང་དེ་དག་གི་སྔགས་ཀྱི་རིགས་གནས་ལག་བསྟར་བྱེད་ཚུལ་མདོ་བསྡུས་པ་ཙམ་ཞིག་སྨོས་པ་ཡིན།   སྤྱིར་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པ་ཐམས་ཅད་ལ་རང་རང་གི་ཆོས་བརྒྱུད་ལས་གསང་སྔགས་ཀྱི་ལམ་སྒོམ་པ་ལ་ལྟ་བ་རྟོགས་པའི་ཁྱད་པར།  སྒོམ་པ་གོམས་པའི་ཁྱད་པར།  སྤྱོད་པ་བླང་དོར་གྱི་ཁྱད་པར་སོགས་དཔེར་ན་གསང་སྔགས་སྔར་འགྱུར་རྙིང་མའི་རྫོགས་ཆེན་ལྟ་བུ་ལ་མཚོན་ན་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་གཏན་ལ་ཕབ་པ་ལྟ་བུ་དང་།   འགྲོ་མགོན་བཀའ་བརྒྱུད་པ་ལྟ་བུ་ལ་མཚོན་ན་དཔེ་དེ་བཞིན་དུ་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གནས་ལུགས་ལས་ནམ་ཡང་མི་འདའ་བའི་རང་བཞིན་དུ་བསྟན་པ་ལྟ་བུ་དང་།   དཔལ་ལྡན་ས་སྐྱ་པ་ལྟ་བུ་ཡིན་ནའང་ཆོས་ཐམས་ཅད་ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ངང་ལས་ནམ་ཡང་མ་གཡོས་པ་གསུངས་པ་ལྟ་བུ་དང་།   རི་བོ་དགེ་ལྡན་པས་ཆོས་ཐམས་ཅད་དབུ་མ་ཆེན་པོའི་གནས་ལུགས་ལས་ནམ་ཡང་མི་འབྲལ་བའི་དོན་ཉམས་སུ་ལེན་ཚུལ་དེ་དག་འབབས་ས་གཞི་གཅིག་གི་སྟེང་དུ་བབས་ཡོད་པར་ཡིན་ལ།  དེའང་མིང་འདོགས་ཚུལ་ལས་ལམ་སྒོམ་པའི་རིམ་པ་ལ་སོ་སོའི་ཁྱད་ཆོས་རེ་རྩལ་དུ་བཏོན་ནས་ཆུ་ཕྲན་ཐམས་ཅད་གཞུར་རྒྱུན་གྱི་འགྲོས་མ་འདྲ་ནའང་མདོར་འདུས་ས་རྒྱ་མཚོ་ཆེན་པོ་ལས་འབབ་དགོས་པ་ལྟ་བུ་ཡིན་ནོ།།  མདོར་ན་རིག་གནས་ཆུང་ངུ་དག་ལ་བརྙས་བཅོས་མི་བྱེད་པར་སུམ་རྟགས་དག་གསུམ་ཀྱི་རྨང་གཞི་བརྟན་པོར་བཙུགས་ནས་དེ་ནས་སྙན་ངག་དང་སྐར་རྩིས་ཟློས་གར་སྡེབ་སྦྱོར་སོགས་ལ་གོམས་པར་བྱས་ཏེ།  དེ་ནས་གཞུང་བཀའ་པོད་ལྔ་དང་རྒྱུད་སྡེ་བཞི་སོགས་ལ་ལེགས་པར་འདྲིས་པར་བྱ་རིགས་སོ།།  དེ་ལྟར་དཀར་མཛེས་སུ་དགོན་སྡེའི་རིག་གནས་ཕྱོགས་ཡོངས་ནས་ཉམས་གསོ་དང་དར་སྤེལ་གཏོང་པ་ནི་མི་རིགས་ཀྱི་ཚེ་སྲོག་ཡུན་དུ་བསྲིང་བར་བྱེད་པ་དང་།   དུས་རབས་གསར་པའི་ཤེས་བྱའི་སྒོ་དུ་མ་ལ་འཇུག་ནས་སྲོལ་རྒྱུན་གྱི་རྨང་གཞི་དང་འབྲེལ་བའི་དུས་རབས་གསར་པའི་རིག་གནས་ཀྱི་མཛེས་སྡུག་བཀྲ་བ་ནི་སྤྱི་ཚོགས་ཀྱི་སྟེང་དུ་རིག་གནས་ཀྱི་གོམ་པ་མཉམ་དུ་སྤོ་བའི་ཐབས་མ་ནོར་བ་ཡིན།  དེའང་ལོ་ངོ་སྟོང་ཕྲག་མང་པོའི་རིག་གནས་ཀྱི་རྐང་འཛིན་དགོས་ན་དུས་རབས་གསར་པའི་གསར་གཏོད་ཀྱི་རིག་པའི་གཞུང་ལུགས་ཀྱི་འགྲོས་དང་མ་བསྟུན་ན་མི་ལོ་སྟོང་ཕྲག་མང་པོའི་བསམ་བློ་ལ་བསྒྱུར་བཀོད་མ་ཐེབས་པར།   སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་རུལ་ཟིན་པའི་ཀླད་པ་རྙིང་པ་ཞིག་ད་དུང་བེད་སྤྱོད་བྱེད་པ་ནི་སྤྱི་ཚོགས་ཐོག་ཕྱིར་ནུར་བྱེད་པའི་རྗེས་ལུས་ཀྱི་བསམ་བློ་ཁོ་ན་ཡིན།    ང་ཚོའི་ནང་ཆོས་ཀྱི་རིག་གནས་འདི་ལ་དུས་རབས་དང་མཐུན་པའི་འཆད་ཉན་སྤེལ་གསུམ་བྱེད་པ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བར་ཡིན།   དེང་དུས་མཁན་པོ་དང་སྤྲུལ་སྐུ་རྣམས་ཀྱིས་མི་ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་དང་འབྲེལ་བའི་ཆོས་ལུགས་རིག་གནས་སློབ་ཁྲིད་བྱེད་སྟངས་དེ་ད་དུང་བསྒྱུར་བཀོད་མ་གཏོང་ན་སྤྱི་ཚོགས་འདི་དང་གོམ་པ་མཉམ་སྤོ་བྱེད་མི་ཐུབ་པའི་ཐབས་ལ་རྨོངས་པ་ཤ་སྟག་ཡིན།   ཆོས་ལུགས་རིག་གནས་ལས་བཤད་པའི་ལྟ་སྒོམ་སྤྱོད་གསུམ་ཀྱི་དོན་གསར་གཏོད་ཀྱི་ལམ་ནས་འཆད་ཉན་སྤེལ་གསུམ་བྱེད་རྒྱུ་དེ་འགག་རྩ་ཡིན།  འདིར་བརྗོད་དགོས་པའི་གནད་མང་ཡང་སྐབས་སུ་མ་བབས་པས་གཞན་དུ་བཤད་པར་བྱའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1