ཁེ་ལས་ལ་རོགས་སྐྱོར་བྱས་ནས་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ལ་རོགས་སྐྱོར་གྱི་དཔྱིད་རླུང་བྱ་སྤྱོད་སྤེལ་ཚུན། ཞིང་ཆེན་གྱི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་སྡེ་ཚན་གྱི་འགན་ནུས་ལ་གཞི་ཚུགས་པ་དང་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་2.3མཐུན་སྦྱོར་དོན་འཁྱོལ་བྱས་ཏེ། རིགས་ཁག་གི་ཐོན་ལས་ཚོ་འདུས་རྣམ་གྲངས་དང་། མཉམ་ལས་ཁང་། ཞིང་འབྲེལ་ཁེ་ལས་སོགས་ཀྱི་བྱེད་པོ་61མགྱོགས་མྱུར་མཐོར་གཏོང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པས། གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།
མཐུན་སྦྱོར་དང་དོན་འཁྱོལ་བྱས་པའི་སྒོར་དུང་ཕྱུར་2.3ཡི་རྣམ་གྲངས་མ་དངུལ་ཁྲོད་ཀྲུང་དབྱང་ནོར་སྲིད་ནས་མ་དངུལ་སྒོར་ཁྲི་3000བརྩོན་ལེན་བྱས་ཏེ་བོད་ལུག་དང་། འབྲི་གཡག ཉ་ཧུང་ཙུན་བཅས་ཞིང་ལས་ཐོན་ལས་ཀྱི་སྟོབས་ཆེའི་གྲོང་རྡལ་3གསར་སྐྲུན་དང་སྒོག་པ་དང་། བཞོན་མ། ཚྭ་ཁའི་ལུག་བཅས་ཞིང་ལས་ཐོན་ལས་ཀྱི་སྟོབས་ཆེའི་གྲོང་རྡལ་གྱི་མཐུད་སྐྲུན་རྣམ་གྲངས་3ལག་བསྟར་བྱས་པ་དང་། གྲོང་རྡལ་ཁྱབ་ཁོངས་ནང་གི་ལས་སྣོན་ཁེ་ལས་དང་འདེབས་གསོའི་མཉམ་ལས་ཁང་སོགས་བྱེད་པོ་ཞུགས་པའི་རྣམ་གྲངས་11ལ་རྒྱབ་སྐྱོར་བྱས་ཏེ་ཞིང་འབྲེལ་ཞིང་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་པ། འབྲི་གཡག་དང་བོད་ལུག་ཚོ་འདུས་མཐུད་སྐྲུན་དང་ནས་ཀྱི་ཚོ་འདུས་3གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཚོ་འདུས་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་2དོན་འཁྱོལ་བྱས་ཏེ་ཞིང་ཆེན་ཐད་གཏོགས་ཚན་ཞིབ་སློབ་གླིང་དང་། བྱ་གཞག་ཚན་པ། ཚོ་འདུས་ནང་གི་སྣེ་འདྲེན་ཁེ་ལས་སོགས་བྱེད་པོ་44ལ་རྒྱབ་སྐྱོར་བྱས་པ། ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་། ཞིང་པའི་མཉམ་ལས་ཁང་གི་དཔེ་སྟོན་ཁང་འདུན་ཞུ་ངོས་འཛིན་བྱེད་པ་དང་ཞིང་འཕྲུལ་དང་ཞིང་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་སོགས་ཀྱི་སྲིད་ཇུས་བྱ་ཐབས་ཁག་11དོན་འཁྱོལ་བྱས་ནས་ངོས་འཛིན་བྱས་པའི་ཞིང་ཆེན་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་རྣམ་པ་50ཡི་ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་ལ་ལྟ་ཞིབ་ཚད་ལེན་དང་འཐུས་ཚང་དུ་བཏང་ཡོད།
སྤེལ་བཞིན་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ)རྫོང(ཆུས་དང་གྲོང་ཁྱེར)བཅས་རིམ་གསུམ་མཉམ་འགུལ་ལམ་སྲོལ་བཙུགས་ནས་ཐིང་རིམ་པའི་འགོ་ཁྲིད་པ་རེས་གྲོང་ཁྱེར(ཀྲོའུ)1འགན་གཙང་འབྲེལ་གཏུག་བྱེད་པ། ཐིང་ཁོངས་གཏོགས་ཀྱི་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་111གིས་ཞིང་འབྲོག་ལས་ཀྱི་ཁེ་ལས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་113འགན་གཙང་འབྲེལ་གཏུག་བྱས་ནས“ཟླ་ཕྱེད་རེར་བཀོད་གཏོང་རེ་དང་། ཟླ་རེར་གནད་དོན་ཐག་གཅོད་རེ། དུས་ཚིགས་རེར་ལྟ་སྐུལ་རེ”བཅས་ཀྱི་བྱེད་སྟངས་སྤྱད་དེ་ཁེ་ལས་ཀྱི་གནད་དོན་དང་རེ་འདུན་ཐག་གཅོད་བྱས་ཚུལ་ལ་རྗེས་འདེད་དང་ཚུར་ལན་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབས་ཡོད། མིག་སྔའི་བར་ཁེ་ལས་ཀྱི་ཚུར་ལན་དཀའ་གནད་128འཚོལ་བསྡུ་བྱས་པ་དང་གནད་དོན་119ཐག་གཅོད་བྱས་པ་དང་། ཞིང་ཆེན་བྱ་སྤྱོད་གཞུང་ལས་ཁང་གིས་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ལ་ཁག་བགོས་རྩིས་སྤྲོད་བྱས་པའི་གནད་དོན་29ཐག་གཅོད་བྱས་པ། ཁེ་ལས་ལ་རོགས་སྐྱོར་བྱེད་མཁན་འབྲེལ་གཏུག་པས“དྲི་བ་བདུན”གྱི་བརྟག་ཞིབ་སྙན་ཞུ་40ལེགས་སྒྲུབ་བྱུང་བ། “12316”ཞིང་གསུམ་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལ་བརྟེན་ནས་རིམ་རྩིས་བྱས་ན་དཀའ་གནད་སྣ་ཚོགས་ཀྱི་བློ་འདྲི་ཐེངས་ཁྲི་30ལྷག་ཙམ་ཉན་ཡོད།