རྔ་བ་ཁུལ་སྐབས་བཅུ་དྲུག་པའི་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྒྱུག་རྣམ་གྲངས་འགྲན་བསྡུར་ཧུང་ཡོན་རྫོང་དུ་སྤེལ་མགོ་ཚུགས།
ཟླ་7ཚེས་5ཉིན། རྔ་བ་ཁུལ་སྐབས་བཅུ་དྲུག་པའི་ལུས་རྩལ་འགྲན་ཚོགས་ཀྱི་རྟ་རྒྱུག་རྣམ་གྲངས་འགྲན་བསྡུར་ཧུང་ཡོན་རྫོང་དུ་སྤེལ་མགོ་ཚུགས་ཡོད་ལ། མགོ་ཚུགས་མཛད་སྒོའི་སྟེང་ཁུལ་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཤིན་མགོ་ཚུགས་མཛད་སྒོར་ཞུགས་ཡོད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་སྟེང་། རྟ་ཕོའི་རྨིག་སྒྲ་དང་ལྷན་དུ་ལུས་རྩལ་བ་རྣམས་གོ་རིམ་ལྡན་པའི་ངང་འགྲན་རར་ཞུགས་པ་དང་། བརྗིད་ཉམས་ལྡན་པའི་འགྱུར་དབྱངས་ཁྲོད་ཚོགས་ར་ཡོངས་ཡར་བཞེངས་ནས་རྒྱལ་དར་སྒྲེང་སྟེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་མཉམ་དུ་བླངས་ནས་མགོ་ཚུགས་མཛད་སྒོ་དངོས་སུ་བརྩམས།
དེ་རྗེས་འབྲེལ་ཡོད་འགོ་ཁྲིད་རྣམས་ཀྱིས་ཤིས་ཚིག་ཕུལ་བ་དང་། ལུས་རྩལ་པ་དང་ཤན་འབྱེད་པའི་འཐུས་མི་བཅས་ཀྱིས་རྒྱུ་འབྲས་དྲང་བདེན་གྱི་དམ་བཅའ་བཞག་པར་མ་ཟད། རིག་རྩལ་འཁྲབ་སྟོན་ཡང་གྱ་ནོམ་པ་བྱས།
རྒྱུས་ལོན་པ་ལྟར་ན། ཐེངས་དེའི་རྟ་རྒྱུག་རྣམ་གྲངས་འགྲན་བསྡུར་དེ་ཧུང་ཡོན་རྫོང་དང་ཁུལ་རིག་གནས་ལུས་རྩལ་ལྗོངས་སྐོར་ཅུས་གཉིས་ཀྱིས་མཉམ་དུ་སྒྲུབ་པ་ཡིན་ལ། འགྲན་བསྡུར་གྱི་དུས་ཡུན་ཉིན་3ཡིན་པ་དང་། དེའི་ཁྲོད་རྔ་བ་རྫོང་དང་མཛོད་དགེ་རྫོང་། འཛམ་ཐང་རྫོང་། ཧུང་ཡོན་རྫོང་བཅས་ནས་ཡོང་བའི་ལུས་རྩལ་བ་98དང་རྒྱུག་རྟ་123འགྲན་བསྡུར་ནང་ཞུགས་ཡོད།图片
མགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་སྨི་1000ཅན་གྱི་འགྲན་བསྡུར་དངོས་སུ་འགོ་ཚུགས་ཏེ། རྒྱུག་ར་ཡོངས་སུ་བང་རྩལ་རླུང་ལ་འགྲན་པའི་ཅང་ཤེས་རྟ་ཕོའི་རྨིག་སྒྲ་དང་། རྟ་བདག་ཚོའི་ཀུ་སྒྲ། ལྟད་མོ་བ་ཁྲི་སྟོང་མང་པོའི་དགའ་འབོད་ཀྱིས་གནམ་ས་ཡོངས་སུ་ཁེངས་པར་བྱས་ཏེ། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་འདིའི་ཁྱད་ཆོས་མངོན་པར་གསལ་བར་བྱས་ཡོད།