སྤྱི་ཟླ་7ཚེས་16ཉིན་གྱི་ཞོགས་པར། མཛེས་པའི་དཀར་མཛེས་སུ་ལྷན་དུ་འཛོམས། ཡུལ་སྐོར་ཞིང་ཁམས་སུ་ཅི་དགའ་སྐྱོད། གངས་རིས་སྐོར་བའི་ནོར་བུ་གླིང་ཀ་ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་༢༠༢༣ལོའི་སི་ཁྲོན་དཀར་མཛེས་རི་ཁུལ་རིག་གནས་ལྗོངས་རྒྱུ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་དཀར་མཛེས་རྫོང་དུ་སྤེལ་བ་རེད། སྤྱི་ཚོགས་ལས་རིགས་སོ་སོ་ནས་ཡོང་བའི་སྐུ་མགྲོན་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཁྲི་སྟོང་མང་པོ་འགོ་ཚུགས་མཛད་སྒོར་ཞུགས།
འགོ་ཚུགས་མཛད་སྒོའི་ཐོག །དཀར་མཛེས་རྫོང་གི་མང་ཚོགས་ཀྱིས་སྙན་མོའི་གླུ་དབྱངས་ལེན་བཞིན་ལྡེམ་ལྡེམ་གར་སྟབས་འཁྲབ་སྟེ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་དང་ཡུལ་སྐོར་བ་རྣམས་ལ་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཕུལ་ཡོད།
ཐེངས་འདིའི་བྱེད་སྒོ་ནི་སྤྱི་ཟླ་7པའི་ཚེས་16ཉིན་ནས་ཚེས་19ཉིན་བར་སྤེལ་རྒྱུ་རེད་ལ། དེ་ལས་བརྗོད་བྱ་གཙོ་བོའི་བྱེད་སྒོ་གཅིག་དང་འགྲེམས་ཚོགས་གསུམ། ཁྱད་ཆོས་ལྡན་པའི་བྱེད་སྒོ་ཁག་བདུན། མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་དྲུག་བཅས་བསྡོམས་པས་བྱེད་སྒོ་ཁག་17སྤེལ་རྒྱུ་རེད། །