དབྱར་ཟླ་བདུན་པར་མཛོད་དགེའི་གནམ་མཁའ་གཡའ་དག་ཅིང་གསོན་ཤུགས་ཀུན་ནས་རྒྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་སྒོས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱ་ཆེད། ཟླ7པའི་ཚེས10ཉིན། ཀྲུང་གོ་རོལ་མོ་མཐུན་ཚོགས་ཀྱི་ལས་འཛིན་པ་ཧན་པའོ་དང་སི་ཁྲོན་རོལ་མོ་སློབ་གླིང་གི་དར་སྲོལ་ཆེ་བའི་རོལ་མོ་སློབ་གླིང་གི་གླིང་གཙོ་གཞོན་པ་ཙེང་ཁྲེང་སོགས་དང་བཅས་པ་མཛོད་དགེ་རྫོང་དུ་ཡོང་སྟེ། མཛོད་དགེའི་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་ཟབ་མོས་སྔར་ལས་གསར་རྩོམ་གྱི་སྤྲོ་སྣང་དང་ཐོལ་བྱུང་གི་རིག་པར་སྐུལ་སློང་གནང་།
ཐེངས་འདིའི་རྒྱུ་ཆ་འཚོལ་སྡུད་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ལྡན། དབྱངས་དང་ཚིག་རྩོམ་པ་པོ་རྣམས་སྔ་རྗེས་སུ་མཛོད་དགེའི་གཟའ་རུའི་གོར་མོ་ཐང་དང་མཚོ་ཁྲའི་བརླན་སར་བསྐྱོད་དེ་རྒྱུ་ཆ་འཚོལ་སྡུད་སྒོས། རང་རེའི་རྫོང་གི་བོད་ཀྱི་རིག་གནས་དང་རང་བྱུང་གི་ཡུལ་ལྗོངས། མི་ཆོས་རིག་གནས་སོགས་ལ་རྒྱུས་ལོན་གནང་། རྒྱུ་ཆ་འཚོལ་སྡུད་བྱེད་ཡུལ་སོ་སོར་ཁོ་ཚོས་མཛེས་སྡུག་ལྡན་པའི་རང་བྱང་གི་རི་ཆུ་དང་། ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་སོགས་སེམས་ཀྱིས་མྱོང་རོལ་གནང་།
དབྱང་ཁ་ནི་རྩྭ་ཐང་ལ་མཚོན་ན་རྫོགས་ལྡན་དུས་བཟང་ཡིན་ཏེ། གནམ་སའི་བར་ནི་ནེའུ་གསིང་གཡུ་ཡི་སྤང་ལྗོངས་དང་ཁྲ་ཆིལ་མེ་ཏོག་སྣ་བརྒྱས་ཁེངས། མཛོད་དགེའི་བརླན་ས་ནི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་སུ་གནས་ཤིང་། རྨ་འབྲི་གཉིས་ཀའི་རང་བྱུང་ཆུ་བགོད་ཁུལ་དང་ཆུ་ཁུངས་གསོག་གནས་གལ་ཆེན་ཡིན་ལ། རང་རེའི་རྒྱལ་ཁབ་ཀྱི་ནུབ་བྱང་ས་ཁུལ་ས་རྒོད་ཅན་དུ་འགྱུར་བ་དེ་ལྷོ་ནུབ་ཕྱོགས་སུ་མཆེད་པར་བཀག་འགོག་བྱེད་པའི་རང་བྱུང་གི་སྔོ་སྲུང་ཡིན་པས། རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་ཐོར་བཀོད། ཉེ་བའི་ལོ་ཤས་རིང་རང་རེའི་རྫོང་གིས་ནམ་ཡང་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་བཞག་སྟེ། གཅིག་གྱུར་འཆར་འགོད་དང་རིམ་བགོའི་ལག་བསྟར། བབ་བསྟུན་བཅོས་སྐྱོང་དང་རིགས་དབྱེའི་མཛུབ་སྟོན་བཅས་ཀྱི་སྒོ་ནས། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་། མི་དང་རྩྭ་དང་ཕྱུགས་བཅས་དོ་སྙོམས་བྱེད་པ་སོགས་ཀྱི་ལས་གཞིའི་རྣམ་གྲངས་ལག་བསྟར་ནན་མོས། ས་ཆ་འདིའི་རི་ཆུ་ཐམས་ཅད་ལེགས་པར་བསྲུངས་ཤིང་བདེ་བར་འཕེལ་དུ་བཅུག
ཀྲུང་གོ་རོལ་མོ་མཐུན་ཚོགས་ཀྱི་ལས་འཛིན་པ་ཧན་པའོ་ཡིས་བཤད་རྒྱུར། མཛོད་དགེར་སླེབས་ཐུབ་པས་ཤིན་ཏུ་དགའ་བྱུང་། སྔོན་བསངས་ཀྱི་ནམ་མཁའ་དང་མུ་མེད་ཀྱི་རྩྭ་ཐང་སོགས་ཀྱིས་རང་སེམས་ལ་དག་ཁྲུས་བྱས་པའི་ཚོར་སྣང་སྟེར། ཕྱིན་ཆད་གོ་སྐབས་ཡོད་ན་སླར་ཡང་འདིར་ཡོང་ངེས་ཡིན། མཛོད་དགེ་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བར་སྨོན་འདུན་ཞུ། མཛོད་དགེ་གླིང་ས་མཐོང་བ་ཀུན་སྨོན་ནི་སྙན་ངག་གི་ཉམས་ཀྱིས་ཕྱུག་པ་ཞིག་རེད།
ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། རྒྱུ་ཆ་འཚོལ་སྡུད་བྱས་ཏེ་ཕྱིར་ལོག་རྗེས། རྒྱུ་ཆའི་ནང་དོན་ལ་རོལ་མྱོང་སྒོས། དུས་རབས་གསར་བའི་བཞུད་ལམ་གསར་བའི་འགན་འཁྲི་གསར་བར་དམིགས་ཏེ། མཛོད་དགེ་རྫོང་གི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སོགས་དང་ཟུང་དུ་འབྲེལ་ནས། གླུ་གཞས་སྤུས་ལེགས་རྩོམ་ཞིང་ཀྲུང་གོའི་གཏམ་རྒྱུད་འཆད་པ། ཀྲུང་གོའི་སེམས་གཏམ་སྒྲོག་པ་བཅས་ཀྱི་སྒོ་ནས། རིག་རྩལ་གྱི་ཆུ་ཚད་གསར་བ་གཏོད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་གཟི་བརྗིད་གསར་བ་བསྐྲུན་ཆེད་བྱས་རྗེས་དེ་བས་ཆེན་པོ་འཇོག་རྒྱུ་ཡིན་ཟེར།
ཧྲན་ཞི་ཞིང་ཆེན་གླུ་གར་ཟློས་གར་ཁང་གི་དབྱངས་རྩོམ་མཁན་ཀྲང་ཝེས་བཤད་རྒྱུར། མཚོ་ཁྲར་སླེབས་པ་ན་གནམ་ས་རྒྱ་ཆེ་ཞིང་མཐའ་ཡས་པར་ཚོར་ཐུབ་ལ། ཚོར་སྣང་ཤིན་ཏུ་སྐྱིད། ཕྱིན་ཆད་ང་ཚོས་རང་གི་གྲོགས་པོ་དང་ཁྱིམ་མི་ཁྲིད་དེ། མཛོད་དགེ་གླིང་ས་མཐོང་བ་ཀུན་སྨོན་དུ་ཡང་ནས་ཡང་དུ་ཡོང་ངེས།