ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་14པར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།
གསུང་རྩོམ་ནང་ནན་བཤད་བྱས་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཅིག་སྡུད་བཀོད་སྒྲིག་ཅིག་རེད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི། ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱེད་སྐབས་ལས་ཁུངས་འཛུགས་སྟངས་ཐད་དེ་བས་ཚན་རིག་དང་མཐུན་པ་དང་། འགན་ནུས་བཀོད་སྒྲིག་ཐད་དེ་བས་ལེགས་པ། སྒྲིག་སྲོལ་ལམ་སྲོལ་ཐད་དེ་བས་འཐུས་སྒོ་ཚང་བ། འཁོར་རྒྱུག་དོ་དམ་ཐད་དེ་བས་ཕན་ནུས་ཆེ་བ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་བྱེད་པ་ནི་རྙོག་འཛིང་ཆེ་ཞིང་གོ་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། བྱེད་ཐེངས་གཅིག་གིས་གྲུབ་ཐུབ་པ་ཞིག་མིན་ལ། དཀའ་སྤྱད་ཐེངས་གཅིག་གིས་ལམ་ལྷོངས་བྱུང་བ་ཞིག་དེ་བས་མིན་པར། འགན་འཁྲི་དང་ལས་འགན་གསར་པ་དང་། འཐབ་ཇུས་དང་བཀོད་སྒྲིག་གསར་པ། ལས་ཀའི་དགོས་མཁོ་གསར་པ་བཅས་ལ་གཞིགས་ནས་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་ཟམ་མི་ཆད་པར་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། འདི་ཉིད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་དེ་བས་ལེགས་པའི་སྒོ་ནས་འཚམ་པར་བྱེད་དགོས།
གསུང་རྩོམ་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་བྱེད་པའི་དམིགས་ཡུལ་གལ་ཆེན་ཞིག་ནི་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ། ལས་ཁུངས་ཀྱི་འགན་འཁྲིར་གཞིགས་ནས་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་ལ་དོན་འཁྱོལ་བྱ་རྒྱུ་དེ་རེད། ད་ཐེངས་ལས་ཁུངས་སྒྱུར་བཅོས་བྱེད་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་གྲོས་མོལ་མཐུན་སྦྱོར་ལས་ཁུངས་གསར་པ་བཙུགས་པ་དང་། ཏང་ཀྲུང་དབྱང་གི་འགན་ནུས་སྡེ་ཚན་དང་དོན་གཅོད་ལས་ཁུངས་གསར་པ་བཙུགས་པ། ཁྱབ་ཁོངས་གལ་ཆེན་དུ་ཏང་ཀྲུང་དབྱང་གི་མངགས་གཏོང་ལས་ཁུངས་གསར་པ་བཙུགས་པ་བཅས་བྱེད་དོན་ནི་ལེགས་ཆ་དར་སྤེལ་དང་། ཆད་སྐྱོན་སེལ་བ། ཞན་ཆ་གསབ་པ་བཅས་ཀྱི་ཆེད་དུ་ཡིན་ལ། ཏང་ཀྲུང་དབྱང་གིས་གཙོ་གནད་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་ཆེད་དུ་ཡང་ཡིན། དེ་དང་ཆབས་ཅིག དངུལ་རྩའི་དོ་དམ་སྒྲིག་སྲོལ་དང་། ཚན་རྩལ་གྱི་དོ་དམ་སྒྲིག་སྲོལ། སྤྱི་ཚོགས་ཀྱི་དོ་དམ་སྒྲིག་སྲོལ་སོགས་ཐད་སྒྲིག་གཞི་འཛུགས་པ་དང་འགན་འཁྲི་བཀོད་སྒྲིག་ཐད་ཇུས་འགོད་དང་བཀོད་སྒྲིག་ཅུང་ལུགས་མཐུན་བྱས་ཡོད། ལེགས་སྒྲིག་བྱས་པ་དེ་དག་ནི་ང་ཚོར་འཕྲད་པའི་གདིང་རྩའི་འགལ་བ་དང་གནད་དོན་ལ་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག་བཏོན་པའི་ཐག་གཅོད་ཇུས་གཞི་ཞིག་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་རྟོགས་ངང་སྤྱི་ཡོངས་ལ་གཞིགས་ནས་བསམ་གཞིག་དང་སྤྱི་ཡོངས་ལ་གཞིགས་ནས་བྱ་སྤྱོད་སྤེལ་ཏེ་ལས་ཁུངས་སྒྱུར་བཅོས་ཇུས་གཞི་ལག་བསྟར་དོན་འཁྱོལ་ཐད་འཐེན་སྐུམ་བྱེད་པ་དང་། ངོ་བོ་འགྱུར་བ། བཟོ་ལྟ་ཤོར་བ་བཅས་ཀྱི་གནས་ཚུལ་མི་ཐོན་པའི་འགན་ལེན་བྱེད་དགོས་པ་དང་། ལྷག་དོན་དུ་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིར་ནན་པོ་གཞིགས་ནས་སྡེ་ཚན་གྱི“གཏན་འཁེལ་གསུམ”གྱི་གཏན་འབེབས་བཟོ་བ་དང་ལག་བསྟར་བྱེད་དགོས།