ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་དང་། སློབ་གྲྭ་བར་གྱི་དགེ་སློབ་འབྲེལ་འདྲིས་སྒོས་ཕན་ཚུན་སློབ་སྦྱོང་ལ་བསྐུལ་ཆེད། 2023ལོའི་ཟླ7པའི་ཚེས9ཉིན། མཛོད་དགེ་རྫོང་ནུབ་ཁུལ་བྱིས་སྐྱོང་ཁང་དང་སི་ཁྲོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཡུས་ཆོན་བྱིས་སྐྱོང་ཁང་གཉིས་ཀྱིས་མཛའ་བརྩེའི་ལག་གདང་གཅིག་ཏུ་སྦྲེལ་བའི་བྱེད་སྒོ་སྤེལ། རྫོང་དཔོན་གཞོན་པ་བསྟན་འཛིན་དཔལ་མོ། ལས་འཁྱུར་ངལ་གསོ་བྱས་པའི་འགོ་ཁྲིད་ཨ་སྐྱབས། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། ཡུས་ཆོན་བྱིས་སྐྱོང་ཁང་དང་ནུབ་ཁུལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་དང་དགེ་རྒན། ཁྱིམ་བདག་བཅས་བྱེད་སྒོར་ཞུགས།
བྱེད་སྒོར་ནུབ་ཁུལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་རྣམས་ཀྱིས《སྤང་རྒྱན་མེ་ཏོག》དང《ཁྱེད་རང་ངེད་ཚང་དུ་ཕེབས་པར་དགའ་བསུ་ཞུ 》《སྲོག་ཆགས་ཆུང་ཆུང་གི་ལད་ཟློས་ལུས་རྩལ》སོགས་འཁྲབ་སྟོན་བྱས་པས། གསོན་ཤུགས་རྒྱས་ཤིང་ཁྱད་ཆོས་འཛོམས། ནུབ་ཁུལ་བྱིས་སྐྱོང་ཁང་གི་དགེ་རྒན་རྣམས་ཀྱིས《སྐལ་བཟང་ལགས》ཞེས་པའི་ཞབས་བྲོ་འཁྲབས་ཏེ། བརྩེ་བས་ཕྱུག་པའི་ཞབས་བྲོ་དང་དགའ་སྤྲོས་ཁེངས་པའི་མཛུམ་མདངས་ཀྱིས། དུས་རབས་གསར་བའི་བྱིས་སྐྱོང་དགེ་རྒན་གྱི་རྣམ་པ་གསར་བ་ལེགས་པར་ངོམས་ནས། སྤྲོ་སེམས་འཁོལ་བའི་ངང་སྐུ་མགྲོན་རྣམ་པ་འདིར་ཕེབས་པར་དགའ་བསུ་ཞུས།
མཐར་ཡུས་ཆོན་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་གིས་ནུབ་ཁུལ་བྱིས་སྐྱོང་ཁང་གི་གྲོགས་པོ་ཆུང་ཆུང་རྣམས་ལ་དཔེ་ཆ་དང་ལེགས་སྐྱེས་ཆུང་ངུ་ཞལ་འདེབས་གནང་། དཔེ་དེབ་རེ་རེ་དང་ལེགས་སྐྱེས་རེ་རེས་བརྩེ་སེམས་བརྒྱུད་སྤྲོད་དང་ཤེས་བྱ་བརྒྱུད་སྒྲོག་བྱས་པས། གྲོགས་པོ་ཆུང་ཆུང་རྣམས་ཀྱི་ཞལ་ལ་འཛུམ་གྱིས་ཁེངས་པར་མ་ཟད། གྲོགས་པོ་ཆུང་ཆུང་རྣམས་སྔར་ལས་དཔེ་ཀློག་དང་དཔེ་དེབ་ལ་དགའ་བའི་གོམས་གཤིས་བཟང་བོ་བསྐྲུན།